ཏ༽ བསྟན་འགྱུར་དུ་མ་འཁོད་པ་དང་། སྒྲ་སྒྱུར་ཞུ་རྒྱུའི་བསྟན་བཅོས་སྐོར།
གཞན་ཡང་མཇུག་ཏུ་ལེགས་སྦྱར་དང་རྒྱ་ཡིག་ལས་གསར་དུ་བསྒྱུར་བའི་བསྟན་བཅོས་ཀྱི་རིགས་དང་། ལེགས་སྦྱར་དང་། པཱ་ལི། རྒྱ་ཡིག་བཅས་ནས་བོད་བསྒྱུར་ཞུ་བསྡད་ཇི་ཡོད། བོད་འགྱུར་ཟིན་ཀྱང་མ་ཡིག་མ་རྙེད་པ་ཇི་ཡོད། བསྟན་འགྱུར་དུ་མ་འཁོད་པའི་བསྟན་བཅོས་གསར་དུ་རྙེད་སོན་བྱུང་བ་ཇི་ཡོད། བོད་ཡིག་ཏུ་ཡོད་ཀྱང་རྒྱ་ཡིག་ཏུ་བསྒྱུར་མེད་པའི་རིགས་གང་དང་གང་ཡོད་པ།
རྒྱ་བོད་གཉིས་ཀའི་ཡིག་ཐོག་ཏུ་ཡོད་པ་གང་དང་གང་ཡོད་པ། རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་མང་ཉུང་ཇི་ཙམ་ཡོད་པ་སོགས་ཀྱང་བཀོད་ཡོད་པས། མ་འོངས་པར་རྒྱ་བོད་ཡིག་སྒྱུར་གནང་མཁན་དང་། ཞིབ་འཇུག་གནང་མཁན་དག་ལའང་ཕན་ཐོགས་ཆེན་པོ་ཡོང་ངེས་མ་ཟད། བསྒྱུར་བསྡད་རྣམས་ཀྱང་མ་འོངས་པར་བསྒྱུར་ཐབས་དང་། མ་རྙེད་པ་དག་ཀྱང་མ་དཔེ་ཐབས་འཚོལ་ཞུ་བདེ་ཡོང་བ་སོགས་ཀྱི་དགེ་མཚན་དང་ཕན་ཐོགས་ཡོང་རེར་དམིགས་པ་ཞིག་ཀྱང་ཡིན།
ཞར་བྱུང་དཀར་ཆག་རྣམས་ཀྱི་ཐོག་མར་བསྟན་བཅོས་ཀྱི་ངེས་ཚིག་གམ་སྒྲ་བཤད་དང་། བསྟན་བཅོས་ཀྱི་མཚན་ཉིད་དང་དབྱེ་བ། བསྟན་བཅོས་རྩོམ་པའི་རྒྱུ་དྲུག །རྩོམ་པ་པོར་ལྡན་དགོས་པའི་ཡོན་ཏན་བཞི། བསྟན་བཅོས་ཀྱི་མཚན་འདོགས་ཚུལ། བསྟན་བཅོས་རྩོམ་པའི་ཡན་ལག་ལྔ། བསྟན་བཅོས་བརྩམས་པའི་ཕན་ཡོན་སོགས་བསྟན་བཅོས་རྩོམ་པའི་ཡན་ལག་ངོ་སྤྲོད་ཞིབ་ཕྲ་དང་། མཇུག་མཐར་འཕགས་བོད་ཀྱི་ཡུལ་དུ་གསུང་རྟེན་ཐོག་མར་ཇི་ལྟར་བྱུང་ཚུལ་དང་། གསུང་རྟེན་གླེགས་བམ་བཞེངས་ཚུལ། པུསྟི་ཀའི་དོན་དང་གླེགས་བམ་གྱི་ཁྱད་ཆོས། བམ་པོ་ཁ་མར་བལྟ་དང་ལེའུ་ཁ་ཡར་བལྟའི་འགྲོ་ལུགས། བམ་གྲངས་དུས་ནམ་ཞིག་སྲོལ་བཏོད་མིན། བམ་གྲངས་སྲོལ་བཏོད་པའི་དགོས་དམིགས་གང་ཡིན། ཤླཽ་ཀའི་ཐ་སྙད་ཀྱི་ཐོག་མའི་བྱུང་བ། ཚིགས་བཅད་དང་ཡིག་འབྲུ་མང་ཉུང་དང་། བམ་གྲངས་མང་ཉུང་དང་གླེགས་བམ་ཆེ་ཆུང་། གཞུང་ཚད་ལེའུ་དང་རབ་བྱེད་སོགས་ཐུན་མིན་གྱི་འགྲོ་ལུགས། པཎ་གྲུབ་བཅུ་བདུན་གྱི་གསུང་དུ་གསལ་བའི་ལེའུའི་མིང་གི་འགོད་ལུགས་སོགས། མདོར་ན། ཤླཽ་ཀ་དང་བམ་པོ་བརྩི་ཚུལ་སོགས་གསུང་རྟེན་གླེགས་བམ་གྱི་ཤེས་བྱ་ངོ་སྤྲོད་ཀྱང་ཞིབ་ཚགས་ཞུས་ཡོད།
དེ་བཞིན་རིག་པའི་གནས་ལྔ་དང་གཞུང་ཆེན་བཀའ་པོད་ལྔ་སྟེ། དེ་ཡང་གཞུང་ཆེན་བཀའ་པོད་ལྔ་པོ་ཇི་ལྟར་བྱུང་ཚུལ་དང་། བསྟན་པའི་གཞི་མ་འདུལ་བ། བསྟན་པའི་མཛེས་རྒྱན་མངོན་པ། བསྟན་པའི་གཞུང་ཤིང་ཕར་ཕྱིན། བསྟན་པའི་ལྕགས་རི་ཚད་མ། བསྟན་པའི་སྙིང་པོ་འདུལ་བ་བཅས་ཀྱི་ངོ་སྤྲོད་ཀྱང་ཞིབ་ཕྲ་བཀོད་ཡོད།
ལྷག་པར་པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་ལེགས་སྦྱར་དང་། ལི་ཡུལ། རྒྱའི་སྐད་བཅས་སྐད་རིགས་གསུམ་ནས་བོད་སྒྱུར་མཛད་པ་པོའི་སྒྱུར་བྱེད་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ཀྱི་རྣམ་ཐར་ཁག་ཀྱང་མཁྱེན་རྟོགས་དགོས་གལ་ཤིན་ཏུ་ཆེ་བས། བཀའ་དྲིན་ཅན་གྱི་ལོ་ཙཱ་བ་ཞལ་གྲངས་ ༩༠ བྱོན་པ་རྣམས་ཀྱི་རྣམ་ཐར་ཁག་ཀྱང་པཎ་གྲུབ་སོ་སོའི་གསུང་འབུམ་དཀར་ཆག་གི་མཇུག་མཐར་ཆབས་ཅིག་ཕྱོགས་བསྒྲིགས་ཞུས་ཡོད།
དེ་བཞིན་བསྟན་འགྱུར་ནང་པཎ་གྲུབ་རྣམས་ཀྱི་གསུང་། དཔེར་ན། སློབ་དཔོན་ཕྱོགས་གླང་གི་ཚད་མ་ཀུན་བཏུས་རྩ་འགྲེལ་ལྟ་བུ་ལྡབ་འགྱུར་གྱི་རིགས་དང་། ཀླུ་སྒྲུབ་ཀྱི་བསྟོད་པ་སྲིན་གཟུགས་མ་ལྟ་བུ་བསྒྱུར་ཟིན་མ་རྙེད་པའི་རིགས་གང་ཡོད། གཞན་ཡང་བསྟན་བཅོས་འགའ་ཞིག་མཛད་པ་པོ་པཎ་གྲུབ་སུ་ཡིན་བཞེད་པ་མི་མཐུན་པ་དང་། རྩོད་གཞི་ཅན་དང་། ཁ་གཡར་གྱི་རིགས་མང་དུ་ཡོད་པ་སྟེ། དཔེར་ན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ག་ལས་འཇིགས་མེད་དང་། བྲམ་ཟེ་ཨཱརྱ་དེ་ཝའི་གཞུང་ཆུང་། ལེགས་ལྡན་གྱིས་མཛད་པར་གྲགས་པའི་རྟོག་གེ་འབར་བ་དང་། དབུ་མ་རིན་པོ་ཆེའི་སྒྲོན་མ། ཟླ་བ་གྲགས་པའི་ཕུང་པོ་ལྔའི་རབ་བྱེད། ཞི་འཚོའི་བདེན་གཉིས་དཀའ་འགྲེལ། ཀ་མ་ལ་ཤཱི་ལས་མཛད་པར་གྲགས་པའི་རྒྱན་གྱི་དཀའ་འགྲེལ། ཐོགས་མེད་ཀྱིས་མཛད་པར་གྲགས་པའི་དགོངས་འགྲེལ་གྱི་འགྲེལ་པ། དབྱིག་གཉེན་གྱིས་མཛད་པར་གྲགས་པའི་ཡུམ་གསུམ་གནོད་འཇོམས་དང་། ཕྱོགས་གླང་གི་སྤེལ་མར་བསྟོད་པ། འཕགས་པ་གྲོལ་སྡེས་མཛད་པར་གྲགས་པའི་ཉི་ཁྲི་སྣང་བ། ཇོ་བོ་རྗེས་མཛད་པར་གྲགས་པའི་ལམ་སྒྲོན་རང་འགྲེལ་སོགས་པཎ་གྲུབ་དེ་དང་དེས་མཛད་མིན་སྐོར་སྔོན་བྱོན་འཕགས་བོད་ཀྱི་མཁས་གྲུབ་ལོ་པཎ་རྣམས་ཀྱི་ཡིན་མིན་དོགས་སློང་དཔྱད་ཞིབ་མཛད་པ་གཞི་རྩར་བཟུང་སྟེ་དཔྱད་པ་རྒྱས་པ་རྣམས་པཎ་གྲུབ་སོ་སོའི་རྣམ་ཐར་གྱི་སྐབས་སུ་དང་། དཔྱད་ཞིབ་བསྡུས་པ་རྣམས་དཀར་ཆག་སོ་སོའི་ཐད་སོར་བཀོད་ཡོད།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥ ནས་ ༢༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།