༄༅། །ཀླུ་སྒྲུབ་ཀྱིས་གདམས་པའི་གསེར་བསྒྱུར་སྣ་ཚོགས།

༄༅། །ཀླུ་སྒྲུབ་ཀྱིས་གདམས་པའི་གསེར་བསྒྱུར་སྣ་ཚོགས།[1]

 

༄༅། །དཔལ་མགོན་ཀླུ་སྒྲུབ་ཀྱིས་གདམས་པའི་གསེར་འགྱུར་ལ་མང་དུ་ཡོད་པའི་ནང་ནས་ཟངས་སེར་གསེར་དུ་འགྱུར་བ་འདི་ལ་རྫས་སོགས་ལག་ལེན་བསྟན་པའོ། །དང་པོ་ལ་ཟངས་ལྷད་མེད་བཟང་པོ་དགོས། ལྷད་ཡོད་ན་གསེར་བཟང་པོ་མི་འོང་བས། སྟོད་ཟངས་བཟང་པོ།xxx བཟང་པོའི་ས་ཡུག་མ་བཟང་པོ་བྱའོ། །དེ་ཡང་སྤངས་ཀྱི་ཚད་ལ། ཟངས་ཞོ་ལྔའི་སྤངས་ལ། ཞ་ཉེ་སྔོ་ལིང་ཞོ་བཞི།

ཤུག་པའི་སྔོ་ལོ་སྐམ་པོ་ཁྱོར་བ་གང་། རྒྱ་ཚྭ། རྒྱི་ཚྭ་(རྒྱམ་ཚྭ།) ཁ་རུ་ཚྭ། ནག་ཚུར། བུལ་ཏོག །གསེར་ཚོ་རྣམས་ཐུར་མགོ་ཕྱེད་རེ། འབའ་ཆ་ཟན་ཁམ་ཆུང་བ་གཅིག་རྣམས་ཞིབ་པར་བཏགས་ལ། མིའི་ཚུལ་(ཚིལ་)བུས་ཆེ་(ཕྱེ་)མར་དཀའ་(སྐ་)ཤོས་ཙམ་དུ་གནོས་(སྣོས་)པ་རྣམས་རྫས་ཡིན་ནོ།།

གཉིས་པ་ནི་གཡའ་ལེ་མི་ཤུག །བྱུང་ན་བཟང་། མ་བྱུང་ན་རྫ་འདག་རྡོ་རྒྱུས་བྱུང་ན་བཟང་། ཉུང་ན་ཨ་ཡུ་(རུ་)རྣམས་ཞིབ་པར་བཏགས་ཏེ། སྤུངས་མཉམ་དུ་སྦྱར་བའི་ལུགས་ཀོང་འཇམ་པོ་སོ་ལེགས་པར་བཏང་བ་སོལ་བའི་མེས་སྲེག་པའི་ནང་ཟངས་བཅུག་སྟེ་ཞུ་མ་ཐག་(སྔོ་ལིང་བཅུག་མ་ཐག་ལ་ཀང་(བཀང་)རྫས་རྣམས་ལག་ལེན་མཐོང་བ་བཞིན་དུ་བདུག །དེ་ནས་ཟངས་ཞུ་བ་དེ་ཕག་ལ་སོགས་པའི་ཤོད་དུ་བླུག་ནས་གྲངས་(གྲང་)པའི་བཅུག་(ལྕུག་)མ་དེ་སེག་བརྡར་གྱིས་བརྡར་བའི་ཕྱེ་མ་བྱས་ཏེ། འཛང་(འཛེང་)གི་གཏུན་(ཁུང་)ལ་སོགས་པའི་ནང་དུ། །འཛང་(འཛེང་)ལ་སོགས་པའི་གཏུན་གྱིས་ཞིབ་པར་བརྡུང་ལ། སྤྲིན་(སྤྱིན་)ཆུ་བླ་(སླ་)མོ་ཁོལ་མས་དྲི་མ་བཀྲུས། དེ་ཡང་གསེར་ཟངས་གཞོང་ལ་སོགས་པའི་ནང་དུ་བླུག །བུམ་པ་མཆུ་ཅན་གྱི་ནང་དུ་སྤྱིན་ཆུ་སྐོལ་བ་གསེར་གྱི་ནང་དུ་བླུག་ནས་བཀྲུས་པས། དྲི་མ་རྣམས་གསེར་གྱི་དྭངས་མ་དང་མཉམ་དུ་སྤྲིན་(སྤྱིན་)ཆུའི་ནང་དུ་ཐོན་ཡོང་། དེ་ལ་ཕག་ཟེ་སོགས་ཀྱིས་གཏོར་བས་གསེར་གཏིང་དུ་འགྲོ། དྲི་མ་ཁར་བླུད་(ལུད་)པ་ཕྱིར་ཕྱུང་། ཡང་གཙང་བཤལ་སྔར་བཞིན་བཏང་བ་ཕྱིར་བུད་པའི་རྗེས་སུ་གསེར་ཞིབ་ཤོས་ཆུའི་སྣེ་མོ་ལ་བྱུང་བ་རྣམས་སྣོད་ཟུར་པ་གཅིག་ཏུ་བསགས། སྙིགས་མ་གསེར་རྩིང་བ་རྣམས་ཟངས་གཞོང་སོགས་ཀྱི་ནང་དུ་མེ་རོ་སྐམ་ནས། སླར་ཡང་གཏུན་དུ་བརྡུང་བ་དང་བཀྲུ་བ་སོགས་ཡང་ཡང་བྱའོ།།

མདོག་འདོན་ནི་སྐབས་སྐབས་སུ་བྱས་ཀྱང་འོང་ངོ་། །བཏུལ་ཟིན་པ་དང་བྱས་ཀྱང་ལེགས་པར་འོང་བས། དེའི་བྱ་ཐབས་ནི། ཟངས་གཞོང་ལ་སོགས་པའི་ནང་དུ་མེ་རོ་དམར་ལྷང་བའི་ནང་དུ་སྨུག་ཁམ་བྱུང་བྱུང་བསྲེགས་ནས་གྲང་དུ་བཅུག་པས། མདོག་ལེགས་པར་འདོད་ན་མེ་ནན་ཆེ་ཙམ་བྱའོ། །འདུལ་དུས་དྲི་མ་ཡང་ཡང་འབུད། ཞིབ་པར་བརྡུང་བ་གནད་ཡིན་ནོ། །རྟེན་ལ་སོགས་པ་ལ་འཇུག་པའི་ཚེ། དམ་གསེར་ལཱ་(ལ་ཆ་)ཆེ་ངེས་ཤེས་པ་དགོས་ཤིང་། རྡོ་དང་རྫ་གང་རུང་གི་ནང་དུ་སྦྱོར། ཤིན་ཏུ་ཟབ་ཏེ་(སྟེ)ལག་ལེན་མཐོང་བ་བརྒྱུད་དགོས་སོ།།

ཡང་གསར་འགྱུར་བྱེད་ན། ཤིང་ངམ་x ལྷ་x ནི་གང་ཡང་རུང་། དེ་ལ་དང་པོ་སྤྱིན་ཚད་རན་པའི་སྤྱིན་ཆུ་བསྐུས་ལ་འཇམ་པར་དབུར་ལ། དེའི་སྟེང་དུ་སྨུག་པོ་སྦལ་རྒྱབ་སྤྱིན་ཚད་རན་པར་བསྐུས་ལ་རྩི་གདན་བྱ། དེ་ཡང་གཟིས་དབུར། དེའི་སྟེང་དུ་གུར་གུམ་ཆང་བཟང་པོ་སྦངས་ལ་གཤའ་ཚེའམ་དངུལ་གྱི་སྟེང་དུ་བྱུག་གོ །དེ་སྐམ་ཚེ་སྤྲ་(སྲ་)རྩི་བཟང་པོ་བྱུག་པས་འོད་ཙེ་རེ་འོང་བས་ངོ་མཚར་སྐྱེ་བ་ཡིན་ནོ།།

ཚ་གསེར་དུ་གཏོང་ཐབས་ནི། མེ་རོ་དུ་བ་མེད་པ་ལ་དྲོད་ཚ་ལྷང་ལྷང་ཡོད་པ་ལ་སྐམ་སྐམ་བདུག་གོ །དངུལ་ཡིག་བྱེད་ན། སྟར་བུ། ཚ་ལ། བུལ་ཏོག་གསུམ་བསྲེས་ལ། ཀོང་བུའི་ནང་དུ་སྣུར། དེས་ཡི་གེ་བྲི་བ་ཟིན་ནས་གཟིས་དབུར། དེ་ལ་དངུལ་ཡིག་ལྟ་བུ་འོང་།

ཡང་སྤྲག་(པྲ་)རྩི་བྱ་ཐབས་ནི། རྫ་དུལ་མ་གས་ཆག་མེད་པར་མར་ནག་བླུག་ལ། ཐབ་ཆུང་རན་པར་བཀལ་ཏེ། ཤིང་གཤགས་པའམ་ཕྲ་མོའམ། ཡང་ན་རིལ་མ་སོགས་རྡུལ་འཚུབ་མེད་པར་མེ་ཀྱེམ་ཀྱེམ་རན་པར་བཏང་ལ། རླངས་པ་བུན་ནུ་ནུ། ཟེར་མ་སིབ་སིབ་ཙམ་འོངས་པ་ལ་ཡུན་རིང་དུ་བཙོ་ཞིང་། ལྦུ་བ་བུན་བུན་ཁོལ་ན་མེ་ཆེས་པ་ཡིན་པས། ཆེ་བག་ཙམ་སྐྱུང་ལ་སྔ་མ་ལྟར་དུ་བཙོ་འོ། །ཚོས་པའི་ཚད་ནི་མར་ཁུའི་ནང་དུ་ནས་རྡོག་སྐྱུར་ན་དེ་ཡོས་སུ་གས་ན་ཚོས་པའི་ཚད་ཡིན་པས། དེ་དུས་མར་ཁུ་བྲེ་གསུམ་ཙམ་ཡོད་ན། དེ་ལ་སྤོས་དཀར་དར་ཚགས་མ་བྲེ་ཕྱེད་ཙམ་དང་། ཚ་ལ་ཚྭ་བྲེ་ཙམ་གཅིག་བཏབ་བོ། །མེ་ཏོག་སེ་རུ་བུན་ཙམ་ན། ཐང་ཆུ་འདོད་པའི་ལྦུ་བ་ཡིན་ཞེས་པའི་ཚད་ཀྱང་འདུ་ག་གོ །མེ་ཏོག་དམར་སེར་བྱུང་ཙམ་ན། སྤྲ་(པྲ་)རྩི་ཚོས་པའི་ཚད་ལ་ཕྱིན་ནོ། །དེ་བྱུག་པའི་དུས་ལ་བབས་ཚེ་ཧ་ཅང་མཐུག་ན་སྐམ་དཀའ་ཞིང་། ས་དང་རྡུལ་འཛིན་དབྲེ་པོ་འབྱུང་། སྲབ་མོ་སྙོམས་པོ་ཡམ་ཙམ་བྱུག་གོ །སྣ་བུའི་ཚལ་པ་སྣུམ་ཅན་གྱིས་ཡང་ཡང་ཕྱི་ཞིང་ས་རྡུལ་བསྲུང་། ཞལ་བ་སྣུམ་མཁྲེགས་འཇམ་མཁྲེགས་སུ་མ་འགྱུར་བར་དུ་ལན་འགའ་བསྐྱོར་ཏེ་བྱུག །དེའི་ཡོན་ཏན་འདི་དག་འབྱུང་། འཇམ་སྟེ་མེ་ལོང་གཡའ་དག་འདྲ། །འགྲེད་དེ་དགུན་དུས་འཁྱག་པ་འདྲ། །སྲ་མཁྲེགས་རྡོ་རྗེའི་བྲོག་འདྲ་འབྱུང་ངོ་། །ཨྠི།

ན་མོ་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །མེ་ཏོག་སྔོན་པོ་རྣམས་ཀྱི་ཚོས་བསྒྱུར་ནི། དང་པོ་དར་རས་གང་ཡིན་རུང་། ལྷོ་སུག་བཟང་པོ་བརྡུངས་པ་ཆུ་འཇམ་ཙམ་ལ་ལྗང་(སྦྱངས་)པའི་སུག་ཆུས་དྲི་མ་འདུག་པ་དག་པར་བཀྲུས་ལ་སྐམ་ཐག་བཅད། དེ་རྗེས་སྙ་ལོ་མེ་ཏོག་སྐྱེས་པའི་དུས་གཞམ་(གཞར་)ནས་བརྡུངས་པ་དེ་རྫ་མའི་ནང་དུ་ལྷག་པོར་སྐོལ་བའི་ཁུ་བ་དྭངས་མ་རང་ནས་དྲོད་མ་ཡལ་བར་འབོང་པོ་སྦངས་ནས་བཏོན་པ་དེ་སྐམ་ཐག་བཅད། དེ་རྗེས་ཁྱུང་ནག་གིས་གཙོ་བྱས་ནས། མེ་ཏོག་སྔོ་སྨུག་གི་རིགས་ལ། རྡོ་ཀྱོང་ནང་དུ་བརྡུང་པ་དེ། ལྕགས་ཀྱི་སྣོད་དུ་གྲོ་(བྲོ་)བ་ཐོན་པ་རུ་སྐོལ་བའི་ཁུ་བ་དྭངས་མ་ལེགས་པོ། རྩིང་ལ་མ་ཤོར་བ། ཁུ་བ་དྲོ་(བྲོ་)བ་ཐོན་པ། འོག་ཏུ་རྫ་མ་ཁ་ཆེན་པོ་བཟེད་ནས་རློན་པ་སྭོ་(སོབ་སོབ་)ཀྱི་ལོད་ཚགས་གཙང་མ་ལ་བླུག་པ་དེ། སྟེང་ནས་བཟའ་(གཟར་)རུའི་སྟག་(ལྟག་)པས་མནན་ཅིང་འཚག །ཁུ་བ་དྲོ་(བྲོ་)བ་མི་ལུས་(ལུད་)པའི་ཕྱིར་དུ། ད་རུང་སྟེང་ནས་ཆུ་བླུག་པ་གཟའ་སྟག་(གཟར་ལྟག་)གིས་གཡོབ་ཅིང་འཚག་གོ །དེ་སྟེང་(རྟིང་)རྫ་མའི་ནང་དུ་ཚོས་སྔོན་པོ་ལེགས་པོ་ཨ་མཁལ་ལྟ་བུའི་ན་ཚོད། ལེགས་པར་མཁལ་ན་ཟན་གཅིག་བཟའ་རིན་མཁལ་ཚོས་མ་འབྲངས་པ་སྔོན་པོ་ལེགས་པོ་མ་བྱུང་ན། ད་དུང་མེ་ཏོག་ཁོ་རང་ཟུས་ལ་སྡུ་(གདུ་)བའི་དྭངས་མ་འོ་དྲོད་ཙམ་ལ་འབོང་པོ་སྦངས་ནས་སྐམ་ཞིང་ཡང་ཡང་སྟོན་(བཏོན་)ན་ཁ་འབྲང་ངོ་། །མི་འབྱུང་བ་ལེགས་པོ་ཡོང་ངོ་།།

ལྕགས་ནག་འཚོད་པར། སྔར་གྱི་དྭངས་མ་བཅུད་(བཅུས་)ལ་ཡང་ཡང་འཚོད་རུང་འོང་། ཁུ་བ་རང་སྐམས་སུ་སོང་སོང་སྒྲེ་(འགྲེ་)ཞིང་འཚོད་རུང་འོང་། ཚོས་ཀྱང་བསྟན་(བརྟན་)ཞིང་། ཨུར་མ་བྱེད་ན། དང་པོའི་ཚོས་ཁུ་དྭངས་མ་རང་ལ་བག་གམ་སྤྱིན་ནམ། གང་འཛོམ་ཞིག་སྲེས་ནས་དྲོད་ཚད་ཚ་ལྷང་བ་ཡོད་པ་ལ་འབོང་པོ་སྦངས་ནས་བཏོན་ཏེ། ཉི་མ་ལ་ས་རྡུལ་མི་ཡོང་སར་གོད་(གོས་)ལྷག་སོགས་སྤུ་མེད་སྟེང་དུ་རྡོལ་བ་དང་། ཕྱགས་(ཆགས་)དང་ཨུར་བ་གཉིས་གཞའ་ཡོད་ཙམ་ལ་ཚད་ཡིན། དྭངས་ཚོས་བྱེད་པ་དར་རས་ཤོག་བུ་རྣམས་ལ་ཤིན་ཏུ་དགའ་འོ། །ཤོག་བུ་ནི་དྭངས་མ་འཇམ་ཙམ་ནས་བག་འདོན་ལྟ་བུ་སྣོད་ཡངས་པོའི་ནང་ནས་ཡང་ཡང་སྟོན་(བཏོན་)མི་རལ་བ་དང་ཚོས་སྙོམས་པ་ལེགས་པར་འདུག་གོ།

ཐང་འབྲལ་(འབྲས་)སྔོན་པོས་ཚོད་རུང་སྔར་མ་མེ་ཏོག་ཚོས་ཇི་བཞིན་བྱས་ན་ལེགས་པར་འདུག་གོ །ལུགས་ཀྱང་ཁྱད་མེད། ཁ་དོག་ཀྱང་ཁྱད་མེད། ལྕགས་ནག་ཀྱང་ཁྱད་མེད། ཨུར་ཆགས་ཀྱང་ཁྱད་མེད་དོ། །སྔོ་ཚོས་འདི་ཡན་ལ་སྔོན་པོ་མཐིང་ཁ་འོང་། མེ་ཏོག་གི་རིགས་ཐམས་ཅད་ལ་འཚོད་ཀྱང་ཁོང་(དེ་)རང་གི་མདོག་ལྟ་བུ་འོང་སྟེ། མེ་ཏོག་དམར་པོ་རྣམས་ལ་སྔོན་པོ་འོང་། སྔོན་སྨུག་གི་རིགས་རྣམས་ལ་མཐིང་ཁ་འོང་། ཁྱུང་ནག་མཐིང་ཁ་ལེགས་སོ། །ཁྱུང་དཀར་ལ་སྔོན་པོ་ལེགས་པོ་འོང་། །ཐང་འབྲལ་(འབྲས་)ལ་འབྲས་བུ་སྨིན་པ་ཚོས་ལེགས་པའི་དུས་ནི། ཁང་བུའི་ནས་ཀྱི་སྙེ་མི་སྔན་མ་བཅའ་དུས་ལེགས་པས་ཤིང་གཞོན་པའི་འབྲལ་(འབྲས་)བུ་ལེགས་སོ། དར་རས་ཤོག་བུ་གང་འཚོད་ཀྱང་། དུས་མ་འཆུག་པ་ལ་ཐང་ཤིང་གཞོན་པའི་འབྲས་བུ་བཏོགས་ཏེ། ཞག་མ་ལོན་པ་རུ་བཤགས་(གཤགས་)སམ་རྡོ་ཀྱོང་དུ་བརྡུངས་སམ་བྱས་ནས། མ་རུལ་བ་སྐམ་ཐག་ཆོད་པ་དེ་ཉ་ར་བྱས་པས། ནམ་དགོས་དུས་འཚོད་པས་སྔོ་ཐིང་ལེགས་པོ་འོང་། དྭངས་ཚོས་ནི་གོང་བཞིན་ཡིན། ལྕགས་ནག་འཚོད་ན་རས་སེར་དམར་སྔོན་པོ་གང་འདུག་ཀྱང་འཚོང་(ཚོས་)ཐན་(འཐེན་)ནོ། །འདི་ནི་སྔོན་པོའི་ཚོས་སོ།།

ཡང་ཀ་དན་(འཕན་)དང་དར་གང་ཡིན་རུང་སེར་པོ་འཚོད་པ་ནི། གཞི་དེ་སུག་ཆུས་དག་པར་བཀྲུས་ལ་སྐམ་ཐག་བཅད། དེ་ནས་ལོ་མ་ལ་འཚོད་དེ་སྐམ་ཐག་བཅད། དེ་ནས་ཆུ་རྩ་སུམ་ཆ་ལ་ཡུང་བ་ཆ་གཉིས་སྲེས་ལ་བསྡུས་(གདུས་)པའི་ཁུ་བ་དྭངས་མ་དྲོད་འཇམ་ཙམ་ལ་ལན་གཉིས་ཙམ་ལ་སྟོན་(བཏོན་)ཀྱང་ལེགས་པོ་འོང་། ཚོས་ཁ་འབྲངས་པ་བྱེད་ན། ཆུ་རྩ་དང་ཡུང་བ་བྲོ་བ་ཐོན་ཐོན་(གདུས་)པའི་དྭངས་མ་དེ་ལ། རས་དང་ཀ་དན་(འཕན་)ནུབ་ཙམ་བཀླུག་(བླུག་)ལ་རས་དེ་བཟང་(བཟའ་)ཐེང་(ཐེངས་)གཉིས་ཙམ་འཚོད། དེས་སེར་པོ་ལེགས་པར་འོང་ངོ་། །སྣམ་བུ་ཡིན་ན་ཀ་དན་(འཕན་)དང་དར་ལ་གོང་གི་ཡུང་བ་ཆ་གཉིས་དང་ཆུ་རྩ་ཆ་གསུམ་རང་རང་ཞིབ་པ་རང་དུ་བཏུལ་བ་དེ་བྲེ་ཆུང་གིས་འཇལ་(ཏེ་)སྲེས། དེ་ལ་ཆུ་བླུག །རས་བཅུག་ནས་ཉི་མ་དྲོ་བ་ལ་སྐྱེར་ཁ་བྱུང་བྱུང་འཚོད། དེ་བཏོན་ནས་གྲིབ་སྐམ་བྱས་ན་ལེགས་སོ།།

ཡང་དར་རས་དམར་པོ་འཚོད་ན། དང་པོ་གཞི་དག་པར་བཀྲུས་པ་དེ། དང་པོ་བའི་འོ་མ་ལ་འཚོད་དོ། །དེ་ནས་བཏོན་པ་ཉི་མ་ལ་སྐམ་མོ། །དེ་ནས་ཞུ་མཁན། སྤང་ཚུར་གང་བྱུང་ལ་འཚོད། དེ་སྐམ་མོ། །དེ་ནས་བརྩོད་(བཙོད་)ལེགས་པོ་བསྡུ་བའི་མེ་ཏོག་ལ་འཚོད་དོ། །སྐམ་མོ། །དེས་དམར་པོ་ལེགས་པར་འོང་། དམར་པོ་དེའི་རིགས་ལ་མི་འགྱུར་བ་ཚོས་བརྟན་པར་འདོད་ན། ཚ་ལའི་ཆུ་ནང་འདོན་ནོ། །དེས་དམར་ལ་མཚར་བ་འོང་། གཞའ་ཅུང་ཡོད་དུས་ཤོག་བུ་ལྟར་ཆགས་བྱས་ན་ལེགས་སོ། །ཡང་འོ་མས་འབོང་པར་སྦངས་པ་དེ་སྐམ། དེ་ནས་རྩོད་(བཙོད་)ལ་དམར་སྨུག་ཏུ་འདོད་ན་ཡུན་རིང་དུ་འཚོད། རས་ཀྱི་མཐའ་ལ་ལུང་བཏགས་ནས་ངུར་སེར་འདོད་ན་ཡུད་ཙམ་ལྟ་ཡིན་བྱའོ། །ཡང་ན་སུག་ཆུས་དག་པར་བྱས་པ་དེ་སྤང་ཚུར་ལ་འཚོད། དེ་ནས་རྩོད་(བཙོད་)ལ་གོང་བཞིན་བྱའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བཟོ་རིག་ཉེར་མཁོ་བདམས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་ ༢༡༢-༢༡༨ བར།

 

ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཐོར་བུ་སྣ་ཚོགས་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༣ ནས་ ༣༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *