༢༽ འགོས་ལོ་ཁུག་པ་ལྷས་བཙས།

༢༽ འགོས་ལོ་ཁུག་པ་ལྷས་བཙས།

 

འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་མཆོག་ནི།  ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་གཙང་རྟ་ནག་ཕུའི་ཁུག་པར་ཡབ་འགོས་བཙུན་ཆུང་གི་སྲས་སུ་སྐུ་འཁྲུངས་པས། མཚན་ལ་འགོས་ཁུག་པ་ལྷས་བཙས་ཞེས་ཐོགས། མར་པ་ཆོས་ཀྱི་བློ་གྲོས་ (1012-1095) དང་དུས་མཉམ། རྗེ་ཙོང་ཁ་པས་ (1357-1419) མཛད་པའི་རིམ་ལྔ་གསལ་སྒྲོན་ལས[1]།

རབ་འབྱམས་གཞུང་ལ་མཁས་པའི་སྒྲ་སྒྱུར་མཆོག །

རྟ་ནག་འགོས་ཀྱི་ཞབས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པའང་འགོས་ཁུག་པ་ལྷས་བཙས་ལ་ཞུ་བ་ཡིན། རྗེ་འདིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་བྱོན་ཏེ་སློབ་དཔོན་ཞི་བ་བཟང་པོ་དང་། སྒྲ་གཅན་འཛིན་བཟང་སོགས་པཎ་གྲུབ་བདུན་ཅུ་དོན་གཉིས་ཀྱི་ཞབས་ལ་གཏུགས་ཤིང་། རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་དེ་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད། བསྟན་པ་ཕྱི་དར་གྱི་ཆོས་ལོག་སུན་འབྱིན་པ་ལ་ལོ་ཆེན་རིན་ཆེན་བཟང་པོའི་རྗེས་སུ་རྗེ་འདི་ཉིད་བཀའ་དྲིན་ཆེ་བས་སྡོམ་གསུམ་རབ་དབྱེ་ལས།

དེ་དག་འདས་པའི་འོག་ཏུ་ཡང་། །ཆོས་ལོག་འགའ་ཞིག་འཕེལ་བའི་རྒྱུས། །

ལྷས་བཙས་ཞེས་བྱའི་ལོ་ཙཱ་བ། །དེས་ཀྱང་སྔགས་ལོག་སུན་འབྱིན་པ། །

ཞེས་བྱའི་བསྟན་བཅོས་མཛད་ནས་ནི། །ཆོས་དང་ཆོས་མིན་རྣམ་པར་དབྱེ། །

ཞེས་གསུངས་སོ།།

སྒྱུར་རྩོམ་གཙོ་གྲས་ནི། བཀའ་འགྱུར་ལས། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལེའུ་ལྔ་བཅུ་པ་དང་། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལེའུ་བཅུ་བདུན་པ། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོ་ལེའུ་གསུམ་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲའི་རྒྱུད་བཅས་དང་། བསྟན་འགྱུར་ལས། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དགྱེས་པ་རྡོ་རྗེ་སྒྱུ་མ་བརྟག་པ་གཉིས་པའི་དཀའ་འགྲེལ་དང་། དཔལ་དགྱེས་པ་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ། ལྷག་པར་ཟ་ཧོར་གྱི་མཁན་པོ་ཤཱནྟ་དེ་ཝས་མཛད་པའི་རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་གཏོར་མའི་ཆོ་ག་ཞེས་པ་ལོ་ཙཱ་བ་འདི་ཉིད་ཀྱིས་སྒྲ་སྒྱུར་མཛད་པ་དང་། གཞན་ཡང་རྒྱུད་ཀྱི་རྒྱལ་པོ་དཔལ་གདན་བཞི་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སྙིང་པོར་མདོར་བསགས་པ་སློབ་དཔོན་ཨཱརྱ་དེ་ཝས་མཛད་པ་དང་། དཔལ་གདན་བཞིའི་ཟབ་དོན་སྟོན་པ་ཤིང་གཅིག་གི་དཀའ་འགྲེལ་དང་། རྡོ་རྗེ་དྲིལ་ཐབས་ཀྱི་མཆོད་པའི་ཐབས་ཀྱི་རིམ་པ་སློབ་དཔོན་འཕགས་པ་ལྷས་མཛད་པ། དབང་བཞི་པའི་རབ་ཏུ་བྱེད་པ་སློབ་དཔོན་ནཱ་གཱ་ཛུ་ནས་མཛད་པ། དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་པའི་ཐབས་ཞེས་དགེ་བའི་འདོད་འཇོའི་རྣམ་པར་བཤད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་གཙུག་ལག་གི་དེ་ཁོ་ན་ཉིད་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། དབུ་མ་རྩ་བ་ཤེས་རབ་ལ་འཇུག་པ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རང་བཞིན་གསུམ་ངེས་པར་བསྟན་པ་སོགས་ཆོས་ཚན་བདུན་ཅུ་དོན་གསུམ་བཞུགས་སོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཇ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༡

 

ང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༤༥ ནས་ ༡༤༧ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *