༧༽ རིགས་པ་ལ་འཇུག་པ་དང་། རིགས་སྒོའི་སྐོར།

༧༽ རིགས་པ་ལ་འཇུག་པ།

 

དེ་ཡང་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་ (1901-1959) མཛད་པའི་རྒྱན་དྲུག་མཆོག་གཉིས་རྣམས་ཀྱི་རྟོགས་བརྗོད་ངོ་མཚར་སྙན་ངག་གསེར་གྱི་ཉག་ཐག་ལ་བསྟར་བའི་བསྟོད་པ་རྨད་བྱུང་ནོར་བུའི་འཕྱང་འཕྲུལ་བློ་གསལ་མགུལ་རྒྱན་ལས[1]།

རྣམ་དཀར་ཚོགས་གཉིས་བསྐལ་པར་གོམས་པའི་ཚུལ། །

སྒྲུབ་བྱེད་རིག་པའི་གློག་འཕྲེང་འཁྱུག་ཙམ་གྱིས། །

ལྟ་ངན་ལོག་སྨྲའི་བྲག་རི་མཐར་མཛད་པ། །

མཁས་པའི་གཙུག་རྒྱན་ཕྱོགས་ཀྱི་གླང་པོར་འདུད། །

ཅེས་བསྔགས་པ་མཛད་པའི་མཁས་པའི་གཙུག་རྒྱན་སློབ་དཔོན་ཕྱོགས་ཀྱིས་གླང་པོས་མཛད་པའི་རིགས་པ་ལ་འཇུག་པ་ནི། ཚད་མ་རིག་པ་ལ་འཇུག་པ་འདི་རྟོག་གེའི་བསྟན་བཅོས་ཀྱི་ལུས་ཆ་ཚང་ལ། གནད་ཀུན་བསྡུས་པ་ཞིག་སྟེ། རིགས་པའི་མདོ་ཀུན་ལས་ཁྱད་པར་དུ་འཕགས་པ་ཞིག་གོ །འདི་ནི་སློབ་དཔོན་གྱི་རྟོག་གེའི་བསྟན་བཅོས་ཀུན་གྱི་ཕྱི་མོ་དང་། རྩ་བ་ཉིད་དུའང་སྣང་སྟེ། ཀུན་ལས་བཏུས་པ་ལ་སོགས་ཚད་གཞུང་གཞན་རྣམས་ཀྱིས་ནི། འདི་ཉིད་ཀྱི་བརྗོད་བྱ་རྟོག་གེའི་ཚིག་དོན་བརྒྱད་ཁོ་ན་རྩལ་དུ་བཏོན་ནས་བཤད་པ་ལས། རྟོག་གེ་ཚིག་དོན་ཟུར་པ་གཞན་གང་ཡང་མ་བཤད་དོ། །འདི་ལྟ་བུའི་གཞུང་འདི་ལ། ཕྱི་ནང་གཉིས་ཀའི་ཕྱོགས་ནས་མཁས་པ་རྣམས་ཀྱི་འགྲེལ་པ་འགྲེལ་བཤད་ཡོད་པ་མི་གསལ་ལ། སྣར་ཐང་བསྟན་འགྱུར་དཀར་ཆག་ཏུ་འདི་ལ་རྒྱ་གར་གྱི་འགྲེལ་པ་ཞིག་ཡོད་པ་གསལ་ཡང་། སྣར་ཐང་བསྟན་འགྱུར་ནང་འགྲེལ་པའི་གཞུང་དངོས་ལག་སོན་གྱིས་བཞུགས་པ་མི་སྣང་ལ། རྒྱ་བོད་ཀྱི་ཚད་གཞུང་ཆེན་མོ་རྣམས་སུ་ཡང་དེ་ཡོད་པའི་ཁུངས་མི་མངོན་ནོ།།  །།

 

༨༽ རིགས་འཇུག་དང་རིགས་སྒོ།

 

དེ་ཡང་འབྲི་གུང་ཆེ་ཚང་དཀོན་མཆོག་རིན་ཆེན་ (1590-1654) གྱིས་མཛད་པའི་འཕགས་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་རྨད་བྱུང་བློ་གྲོས་ཀྱི་གཏེར་མཛོད་ལས[2]།

ཚུལ་ལྡན་མང་དུ་ཐོས་པའི་ལུས་སྟོབས་དང་། །

རྣམ་དཔྱོད་ཤིང་རྟ་གཅིག་གི་གོམ་སྟབས་ཀྱིས། །

ས་ཆེན་བགྲོད་ནས་ལྟ་ངན་བསལ་མཛད་པའི། །

ཕྱོགས་ལས་རྣམ་རྒྱལ་གླང་པོ་ལ་ཕྱག་འཚལ། །

ཞེས་བསྔགས་པ་མཛད་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སློབ་དཔོན་ཕྱོགས་ཀྱིས་གླང་པོས་མཛད་པའི་རིགས་པ་ལ་འཇུག་པ་དང་། རིགས་སྒོ་གཉིས་ལ་དཔྱད་པར་བྱ་བ་ལ། དེ་ཡང་སྣར་ཐང་དང་པེ་ཅིང་བསྟན་འགྱུར་གཉིས་སུ་བཞུགས་པའི་ཚད་མ་རིགས་པར་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ་སྟེ། དེ་ལ་རིགས་པར་འཇུག་པའི་སྒོ་དང་། རིགས་པ་ལ་འཇུག་པའི་སྒོ། ཚད་མ་རིགས་པར་འཇུག་པའི་སྒོ་ཞེས་དག་སྡེབ་འབྲི་སྲོལ་མི་འདྲ་བ་གསུམ་སྣང་ལ། དེ་ལའང་ལེགས་སྦྱར་ནས་བསྒྱུར་བའི་ཚད་མའི་བསྟན་བཅོས་གཅིག་དང་། དེ་མིན་བསྟན་འགྱུར་པར་མ་བཞི་གར་བཞུགས་ཤིང་། རྒྱའི་སྐད་ནས་བསྒྱུར་བའི་ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་གཉིས་ཡོད་པ་ལས་ཕྱི་མ་འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།

དེ་ལ་དང་པོ་ལེགས་སྦྱར་ནས་བསྒྱུར་བ་ནི། རྒྱ་གར་སྐད་དུ། ནྱཱ་ཡ་པྲ་བེ་ཤ་ན་མ་པྲ་མཱ་ཎི་པྲ་ཀ་ར་ཎི། བོད་སྐད་དུ། ཚད་མ་རིགས་པར་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ་སྟེ། སྡེ་བསྟན་དཀར་ཆག་ལས[3]། རིགས་པ་ལ་འཇུག་པའི་སྒོ། ཞེས་དང་། གཞུང་དངོས་ཀྱི་མཛད་བྱང་ལས་[4]ཀྱང་། རིགས་པར་འཇུག་པའི་སྒོ། ཞེས་གསལ་ལ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། པཎྜི་ཏ་ཐམས་ཅད་མཁྱེན་པས་བསྲུང་བ་དང༌། ལོ་ཙཱ་བ་ཤཱཀྱའི་དགེ་སློང་གྲགས་པ་རྒྱལ་མཚན་དཔལ་བཟང་པོས། དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་བའོ། །སྡེ་བསྟན་དཀར་ཆག་ལས[5]། རིགས་པ་ལ་འཇུག་པའི་སྒོ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། པཎྜི་ཏ་ཐམས་ཅད་མཁྱེན་པས་བསྲུང་བ་དང་། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་བ། འདིའི་མཚན་བྱང་སོགས་འདུག་ཀྱང་དཔེ་ཅེ་པོད་དུ་མི་འདུག །ཅེས་གསལ། གཞུང་འདི་སྡེ་དགེ་དང་ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་ཡང་། སྣར་ཐང་དང་པེ་ཅིན་པར་མ་གཉིས་སུ་བཞུགས་པ་བཅས་སོ།།

གཉིས་པ་རྒྱའི་སྐད་ལས་བོད་སྐད་དུ་བསྒྱུར་བ་ནི། རྒྱའི་སྐད་དུ། གཡིན་མིང་གཞཻའ་ཅིང་ལིའི་ལུན། བོད་སྐད་དུ། ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ། (སྔ་འགྱུར།) རྒྱ་གར་ལས་རྒྱའི་ལོ་ཙཱ་བ་ཐང་སཾ་ཙང་གིས་རྒྱའི་སྐད་དུ་བསྒྱུར་ཅིང་། (བར་འགྱུར།) སླད་ཀྱིས་རྒྱའི་དགེ་བཤེས་སིང་གྱང་ཇུས་དང༌། བོད་ཀྱི་དགེ་བའི་བཤེས་གཉེན་སྟོན་གཞོན་གྱིས་བོད་སྐད་དུ་བསྒྱུར་ཅིང༌། (ཕྱི་འགྱུར།) ཕྱིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་རབ་ཏུ་བྱུང་བ་རྒྱ་ནག་ཆེན་པོའི་ལྷའི་བཙུན་པ་ཆོས་ཀྱི་རིན་ཆེན་གྱིས། དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་རྒྱའི་དཔེ་དང་བོད་ཀྱི་དཔེ་གཉིས་པོ་ལེགས་པར་གཏུགས་ཤིང་བཅོས་ཏེ་དག་པར་བསྒྱུར་བའོ། །རྒྱའི་དཔེ་ལ་རིགས་པ་ལ་འཇུག་པ་ཞེས་སྣང༌། དེང་སང་བོད་རྣམས་རིགས་པའི་སྒོ་ཞེས་གྲགས་སོ། །སྡེ་བསྟན་དཀར་ཆག་ལས[6]། འདི་རིགས་པའི་སྒོ་དང་གཅིག་ཏུ་འདོད་པ་མི་འཐད་དེ། (རིགས་པའི་སྒོ་ལ་ནྱཱ་མུ་ཁ་ཞེས་ཟེར་ལ། འདི་ལ་ནྱཱ་པྲ་བེ་ཤ་ཞེས་ཟེར།) ཚད་མའི་འགྲེལ་ཆེན་རྣམས་སུ་རིགས་སྒོ་ནས་ལུང་དྲངས་པ་རྣམས་འདི་ན་མི་སྣང་བའི་ཕྱིར་རོ། །ཞེས་བྱུང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་ཀྱང་། རིགས་སྒོ་འདི་རྒྱ་ནག་བསྟན་འགྱུར་ནང་དུ་བཞུགས་ཤིང་། ཁ་ཅིག་འདི་ཕྱོགས་གླང་གི་སྔོན་དུ་ཡོད་པར་བཤད་ལ། འགའ་ཞིག་གིས་ཀུན་བཏུས་ལས་སྔ་ཙམ་ཡིན་ཡང་ཟེར་རོ།།

དེ་ལྟར་བསྟན་བཅོས་འདིའི་མཚན་ལ་ཚད་མ་རིགས་པ་ལ་འཇུག་པའི་སྒོ་ཞེས་བོད་ཀྱི་མཁས་པ་ཀུན་དང་། གཞུང་ལ་གྲགས་ཤིང་། ད་ལྟ་ལེགས་སྦྱར་རྩ་བའི་གཞུང་དུ་ (न्याय प्रवेश) ནྱཱ་ཡ་པྲ་བེ་ཤ་ཞེས་པ་སྟེ། རིགས་པ་ལ་འཇུག་པ་ཟེར་བ་ཙམ་ལས། ཚད་མ་ཞེས་པ་དང་། སྒོ་ཞེས་པའི་ཚིག་སྔ་ཕྱི་གཉིས་ཀ་མེད་ལ། དེས་ན་འདི་རིགས་སྒོ་ཡིན་མིན་ལ་དོགས་པ་ཤིན་ཏུ་མང་ངོ་། །མཁས་པ་ Vidhuśekhara Śāstrī དང་། Mironov སོགས་ཀྱིས་ནྱཱ་ཡ་པྲ་བེ་ཤ་ཞེས་པ་སློབ་དཔོན་ཕྱོགས་གླང་གིས་མཛད་པར་འདོད་ཀྱང་། Tucci, Keith སོགས་ཀྱིས་དོན་དུ་སློབ་དཔོན་བདེ་བྱེད་བདག་པོས་མཛད་པར་འདོད་པ་འཐད་ལྡན་དུ་བཞེད། སྤྱིར་རིགས་པ་ལ་འཇུག་པ་དང་རིགས་པའི་སྒོ་གཉིས་གཅིག་ཏུ་འཁྲུལ་བ་མང་དུ་སྣང་བས། དེ་གཉིས་གཅིག་ཏུ་འཁྲུལ་བར་མི་བྱ་སྟེ། སྔ་མར་ནྱཱ་ཡ་མུ་ཁ་དང་། ཕྱི་མར་ནྱཱ་ཡ་པྲ་བེ་ཤ་སྟེ། རིགས་སྒོ་དང་རིགས་པར་འཇུག་པ་གཉིས་གཅིག་ཏུ་འཁྲུལ་བའི་ནོར་བ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་ལེགས་པར་གཟིགས་ནས་བསལ་བར་མཛད། འདིའི་སྐོར་ལ། སྡེ་བསྟན་དཀར་ཆག་ལས[7]། རིགས་པའི་སྒོ། ཞེས་གྲགས་སོ། །འདི་རིགས་སྒོ་དང་གཅིག་ཏུ་འདོད་པ་མི་འཐད་དེ། ཚད་མའི་འགྲེལ་ཆེན་རྣམས་སུ་རིགས་སྒོ་ནས་ལུང་དྲངས་པ་རྣམས་འདི་ན་མི་སྣང་བའི་ཕྱིར་རོ། །ཞེས་གསུངས་ཤིང་། དེ་ཉིད་ཀྱི་མཆན་གྱི་ཚུལ་དུ། རིགས་སྒོ་ལ་ནྱ་ཡ་མུ་ཁ་ཟེར་ལ། འདི་ལ་ནྱ་ཡ་པྲ་བེ་ཤ་ཟེར། ཞེས་པ་བྱུང་བ་དེ་ལྟར་ན། རིགས་སྒོ་དང་། རིགས་པར་འཇུག་པ་གཉིས་བསྟན་བཅོས་ཐ་དད་པ་གཉིས་སུ་འདོད་དགོས་སོ།།

རྣམ་འགྲེལ་རང་འགྲེལ་དང་། སློབ་དཔོན་ཆོས་མཆོག་གི་གཞུང་དང་། སློབ་དཔོན་ཡིད་ཀྱི་ཤིང་རྟ་དགའ་བོའི་འགྲེལ་པ་དང་། ཚད་མའི་རྩ་འགྲེལ་རྣམས་སུ་ནྱཱ་ཡ་མུ་ཁ་ནས་དྲངས་པའི་ལུང་མང་ལ། གཞུང་དེ་དག་ཏུ་རིགས་པ་ལ་འཇུག་པ་ནྱཱ་ཡ་པྲ་བེ་ཤ་ཞེས་པའི་མིང་མི་སྣང་ངོ་། །ཕྱི་ལོ་བརྒྱ་ཕྲག་ལྔ་པ་ (489) ཙམ་གྱི་ནང་རྒྱའི་མཁས་པ་པར་མཱ་ཐེ་ཞེས་པས། ཕྱོགས་གླང་གི་བསྟན་བཅོས་འགའ་རྒྱའི་སྐད་དུ་བསྒྱུར་བ་དང་། ཚད་མའི་སྐོར་ལ་འགྲེལ་པ་འགའ་མཛད་ཡོད་ཚུལ་གྱི་ལོ་རྒྱུས་འདུག་ཅིང་། དེའི་སྐོར་བསྡོམས་པས་དེང་སང་རྒྱའི་སྐད་དུ་ཀུན་བཏུས་མ་གཏོགས་པ་གཞན་ཕྱོགས་གླང་གི་བསྟན་བཅོས་བཅུ་ཙམ་ཡོད་པར་སྣང་ལ། དེང་ཡང་རིགས་སྒོ་དང་། རིགས་པ་ལ་འཇུག་པ་སོ་སོར་ཡོད་ཚུལ་གསལ་བས། དེ་གཉིས་སོ་སོར་ངེས་སོ།།

གོང་གསལ་རིགས་སྒོ་དང་། རིགས་འཇུག་གཉིས་བསྟན་བཅོས་གཅིག་གི་མིང་ཐ་དད་པར་འདོད་པའང་ཡོད་དེ། རྒྱལ་ཚབ་ཆོས་རྗེ་སོགས་བོད་ཀྱི་མཁས་པ་མང་པོ་ཞིག་གིས་རྟོག་གེའི་བསྟན་བཅོས་ཀྱི་ལུས་རྣམ་གཞག་བཤད་སྐབས།

སྒྲུབ་པ་དང་ནི་སུན་འབྱིན་ཉིད། །

ཞེས་སོགས་རིགས་པ་ལ་འཇུག་པའི་ལུང་དེ་འདྲེན་པར་བྱེད་ཅིང་། ལུང་འདྲེན་ཚེ་ཐམས་ཅད་མཐུན་པར་རིགས་སྒོ་ལས་ཞེས་འདོན་པར་མཛད་དོ། །གཞན་ཡང་དེང་སང་གི་མཁས་པ་ས་ཏི་ཤ་ཅནྡྲ་ཝི་དྱབྷུ་ཥ་ཎ་དང་། ཝིདྷུ་ཤེ་ཁར་བྷ་ཌ་ཌཱ་ཅརྱ་དང་། (Porf ui Sugiura Tucei) ལ་སོགས་པ་རྣམས་རྒྱའི་གཏམ་རྒྱུད་དང་། བོད་ཀྱི་ཁ་རྒྱུན་ཟེར་སྲོལ་ལ་བརྟེན་ཏེ། རིགས་སྒོ་དང་རིགས་པ་ལ་འཇུག་པ་གཉིས་གཅིག་ཏུ་བསམས་ནས། རིགས་པ་ལ་འཇུག་པ་ཞེས་ཡོད་ས་གང་ཡིན་ལ། རིགས་སྒོ་ཞེས་འགྲམ་དུ་མཆན་གྱི་ཚུལ་དུ་ ༼༌༌༌༌༌༌༌༌༌༌༽ རྟགས་འདིའི་ནང་འགོད་པར་བྱེད་ཅིང་། དེ་བཞིན་དུ་རིགས་སྒོ་ཞེས་པ་ཡོད་ས་ཀུན་ཏུ་རིགས་པ་ལ་འཇུག་པ་ཞེས་གོང་གསལ་ཡིག་རྟགས་དེའི་ནང་འགོད་པར་བྱེད་སྲོལ་བསྟན་འདུག

གཞན་ཡང་ཀུན་བཏུས་རང་འགྲེལ་ལས། ཚད་མ་བསྒྲུབ་པར་བྱ་བའི་ཕྱིར། །རང་གི་རབ་ཏུ་བྱེད་པ་རིགས་པའི་སྒོ་ལ་སོགས་པ་རྣམས་ལས་འདིར་གཅིག་ཏུ་བསྡུས་ཏེ། ཚད་མ་ཀུན་ལས་བཏུས་པ་བརྩམ་པར་བྱའོ། །ཞེས་པའི་བོད་སྐད་ལེགས་སྦྱར་དུ་བསྒྱུར་ཏེ། (स्वप्रकरणन्यायद्वादिभ्य (न्याय प्रवेशादिभ्य) སྭ་པྲ་ཀ་ར་ཎ་ནྱཱ་ཡ་དྭཱ་དི་བྱ། (ནྱཱ་ཡ་པྲ་ཝེ་ཤཱ་དི་བྱ) ཞེས་པ་བྲིས་འདུག་ལ། ཡིན་ན་ཡང་ཀུན་བཏུས་རང་འགྲེལ་དེའི་ལེགས་སྦྱར་རྩ་བར་ནྱ་ཡ་མུ་ཁ་ཞེས་པ་ཡོད་ཀྱི། ནྱཱ་ཡ་དྭཱར་ཞེས་པ་མི་གསལ་ཏེ། གོང་གི་རང་འགྲེལ་གྱི་ཚིག་དེ་གཅེར་བུ་པའི་རིག་གཞུང་རིགས་པའི་འཁོར་ལོ་རྩིབས་བཅུ་གཉིས་པ་ཞེས་པའི་ཟུར་བཀོལ་དང་པོར་དྲངས་པ་ལས། (एवं गुण शास्तरं प्रणभ्य प्रमाणसिद्धयं स्वप्रकरणेभ्य न्यायमुखादिभ्य इहैकत्र उच्चित्य प्रमाणसमुच्चय: करिष्यते परप्रमाणनिषेधाय…) ཞེས་བྱུང་བས་སོ། །འདི་དག་ལ་གཞིག་ན་ནྱཱ་ཡ་དྭཱར་ཞེས་པ་དང་། ནྱཱ་ཡ་མུ་ཁ་ཞེས་པ་འདི་གཉིས་ཀྱང་གཅིག་པ་མ་ཡིན་པར་གོ་ནུས་ལ། ཚད་གཞུང་གཞན་རྣམས་སུ་ཡང་ནྱཱ་ཡ་དྭ་ཝཱར་ཞེས་པའི་མིང་མི་གསལ་བས། དྭཝཱར་ཞེས་པའི་ཚིག་འདི་ཕྱིས་སུ་སྦྱར་བ་མིན་ནམ་སྙམ་སྟེ་དཔྱད། མདོར་ན་རིགས་སྒོ་ཞེས་པ་དང་རིགས་པ་ལ་འཇུག་པ་གཉིས་མིང་ཐ་དད་པའི་བསྟན་བཅོས་གཉིས་ཡོད་པར་གྲུབ་ལ། ལེགས་སྦྱར་གྱི་མིང་ནྱཱ་ཡ་དྭཱར་ཞེས་པ་འདི་གང་ཡིན་མ་ངེས་ཀྱང་། ནྱཱ་ཡ་མུ་ཁ་དང་། ནྱཱ་ཡ་པྲ་ཝེ་ཤ་གཉིས་རིམ་བཞིན་རིགས་སྒོ་དང་རིགས་འཇུག་ཡིན་པར་ངེས་པས། དཔྱད་མི་དགོས་སོ།།  །།

 

༡) མཚན་གྱི་ཁྱད་པར།

 

བསྟན་བཅོས་འདིའི་མིང་ཡང་མཐའ་གཅིག་ཏུ་མ་ངེས་ཏེ། བོད་སྐད་བསྟན་འགྱུར་ནང་བཞུགས་པའི་དཔེ་རྣམས་སུ་འདིའི་མིང་དུ་ཚད་མ་རིགས་པ་ལ་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ། ཞེས་པ་ཡོད་ལ། དེའི་ལེགས་སྦྱར་དུ་ (न्यायप्रवेशनाम-प्रमाणप्रकरणम्) ཞེས་བཀོད་འདུག །རྒྱ་ནག་གི་སྐད་དུ་འདིའི་མཚན་ལ་གཡིན་མིང་གཞིའ་ཅིང་ལིའི་ལུན་ཞེས་པ་ལས་ལེགས་སྦྱར་གྱི་མིང་དབུར་བཞག་མེད་ཅིང་། རྒྱ་སྐད་འདིར་ཡང་ཚད་མ་ཞེས་པ་དང་། བསྟན་བཅོས་ཞེས་པ་དང་། རིགས་པ་ལ་འཇུག་པ་ཞེས་པའི་ཚིག་རྣམས་ཡོད་པར་སྣང་ངོ་།།

ད་ལྟ་ལེགས་སྦྱར་དུ་ཡོད་པའི་རྩ་འགྲེལ་རྣམས་ནི།[8] བོད་སྐད་སོགས་གཞན་ལས་བསྒྱུར་བ་ལྟ་བུ་མ་ཡིན་པར་ལེགས་སྦྱར་གྱི་མ་དཔེ་ཉིད་ལས་བྲིས་པ་ཡིན་ལ། འདི་རྣམས་སུ་ཡང་མིང་གི་ཁྱད་པར་རྣམས་མཐའ་གཅིག་ཏུ་མ་ངེས་ཏེ། རྩ་བའི་དབུར་ (यप्रवेशकसूत्रम्) རིགས་པར་འཇུག་པའི་མདོ་ཞེས་བྱུང་ལ། སེང་བཟང་ལྷ་ལྡན་གྱི་འགྲེལ་པར། (न्यायप्रवेशवृति) ཞེས་པ་ཙམ་ལས། (क) དང་། (सूत्र) ཞེས་པ་གཉིས་ཀ་མེད་ཅིང་། ཡང་འགྲེལ་པའི་གཤམ་དུ་བསྔོ་བའི་སྐབས་སུ་ (न्यायप्रवेशकं ग्रव् व्याल्याय) ཞེས་ (क) ཞེས་པ་ཡོད་ཀྱང་། (सूत्र) ཞེས་པ་མེད། པཱར་ཤྭ་དེ་ཝ་ཡིས་མཛད་པའི་དཀའ་འགྲེལ་གྱི་དབུ་ཞབས་གཉིས་ཀར་ (न्यायप्रवेशवृत्तिपञ्जिका) ཞེས་པ་དང་། ཡང་བསྔོ་བའི་སྐབས་ (न्यायप्रवेशशास्त्र) ཞེས་པ་འདུག་པས།[9] བསྟན་བཅོས་འདིའི་མིང་གང་ཡིན། འདི་ཡི་གེ་ཇི་ཙམ་གྱི་ངག་གི་རང་བཞིན་ཡིན་པ་བརྗོད་དཀའ་མོད། སཱཏྲ་ཞེས་པའི་ཚིག་མིང་ཟུར་ན་ཡོད་པ་དེའི་སྐོར་ལ་བསམ་དཔྱད་མང་དུ་བྱས་འདུག་པས། དེར་གཟིགས་དགོས་ཤིང་།[10] སེང་བཟང་གི་འགྲེལ་པ་དང་། པཱར་ཤྭ་དེ་ཝའི་དཀའ་འགྲེལ་གཉིས་ཀར་ (न्यायप्रवेशकसूत्र) ཞེས་པའི་ (क) དང་། (सूत्र) སྟེ་ཚིག་གཉིས་ཀའི་འགྲེལ་པ་གསལ་བར་བཀོད་འདུག་པས། བསྟན་བཅོས་རྩ་བའི་མིང་དུ་ (न्यायप्रवेशकसूत्रम्) ཞེས་པ་ཡོད་པར་ངེས་སོ། །དེ་ལ་བོད་སྐད་དུ་རིགས་པ་ལ་འཇུག་བྱེད་ཀྱི་མདོ། ཞེས་བྱའོ།།

འདི་དག་ལ་གཞིགས་ན་རྒྱའི་ལོ་ཙཱ་བ་དང་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་ནྱ་ཡ་པྲ་ཝེ་ཤཀ་ཞེས་པའི་ཀ་ཡིག་གི་དོན་དུ་བསམས་ནས་ཚད་མ་རིགས་པ་ལ་འཇུག་པ། ཞེས་ཚད་མ་ཞེས་པའི་སྒྲ་གསར་དུ་སྦྱར་བར་མངོན་ཏེ། དེ་ལྟ་བུའི་ཀ་ཡིག་གྲུབ་མཐའ་དང་། བསྟན་བྱ་དང་། བསྒྲུབ་བྱ་དང་། སྒྲུབ་བྱེད་སོགས་ལ་འཇུག་ཚུལ་ཡོད་པར་རྩ་ཤེས་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མེ་ལས་བཤད་པ་ལྟར་རོ།།[11]

སྒོ་ཞེས་པའི་ཚིག་ནི། འདིའི་མཚན་ཟུར་ལ་དངོས་སུ་ཡོད་པར་མི་སྣང་ལ། ནྱ་ཡ་མུ་ཁ་ཞེས་པའི་སློབ་དཔོན་གྱི་བསྟན་བཅོས་གཞན་ལས་ཁ་གཡར་བ་ཡང་སྲིད་ལ། རིགས་པ་ལ་འཇུག་པ་ཞེས་པའི་ཚིག་གི་ལྷག་མར་བསམས་ནས་སྒོ་ཞེས་ཕྱིས་སྣོན་བྱས་པའང་སྲིད། ཡང་བསྟན་བཅོས་ཀྱི་བྱེད་ལས་ལ་བལྟོས་ཏེ་སྒོ་ཞེས་པ་ཕྱིས་སུ་ཁྱད་པར་གསལ་བྱེད་ཀྱི་ཚུལ་དུ་སྦྱར་བའང་སྲིད་དེ། དཔེར་ན། བོད་སྐད་བཀའ་འགྱུར་ནང་བཞུགས་པའི་མདོ་ཐམས་ཅད་ཀྱི་མཚན་དུ་ཐེག་པ་ཆེན་པོའི་མདོ། ཞེས་པའི་ཚིག་ལེགས་སྦྱར་ལ་ཡོད་རུང་མེད་རུང་བོད་སྐད་ཀྱི་མཚན་དུ་ཐམས་ཅད་ལ་མཐུན་པར་ཡོད་པ་བཞིན་ནོ། །དེས་ན་བོད་སྐད་དང་། རྒྱའི་སྐད་ལ་ཡོད་པའི་ཚིག་ཟུར་ཐམས་ཅད་ལེགས་སྦྱར་གྱི་རྩ་བར་ཡོད་མི་དགོས་སོ།།

སྤྱིར་ཕྱི་ལོ་བརྒྱ་ཕྲག་ལྔ་པ་དྲུག་པ་ཙམ་གྱི་བར་ལ་བཀའ་བསྟན་ཕལ་ཆེ་བའི་སློབ་སྦྱོང་འཆད་ཉན་རྣམས་ངག་ཐོག་ནས་བྱེད་པ་ལས་ཡིག་ཐོག་ནས་བྱེད་པའི་ངེས་པར་མེད་ལ། བསླབ་བྱའི་གཞུང་རྣམས་ཀྱང་ཡིག་འཁོད་ཁོ་ན་ཡིན་པའི་ངེས་པ་མེད་དོ། །དུས་དེ་ཙམ་ན་མཁས་པ་རྣམས་ཀྱི་ངག་ཤིན་ཏུ་དག་པས་བྲི་བའི་ཚེ་ཡང་ངག་ཐོག་ནས་བྲིས་པ་ལས། ཕྱོགས་གླང་སོགས་རྩ་བའི་གཞུང་བྱེད་པོ་རྣམས་ཀྱི་ཕྱག་གིས་བྲིས་པའི་དཔེ་ལས་འདྲ་བཤུས་བྱེད་པའི་སྲོལ་ཡང་མེད་པས། ཕྱོགས་གླང་རང་གི་བསྟན་བཅོས་ཀྱི་མཚན་དུ་གང་བྲིས་པའི་ཡི་གེ་དེ་རྣམས་ཁོ་ན་ད་ལྟ་ཡོད་དགོས་པའང་རྣ་བར་འོས་པའི་གཏམ་དུ་མི་སྣང་ངོ་།།  །།

 

༢) རིགས་པར་འཇུག་པ་གང་གིས་མཛད་ཚུལ།

 

བསྟན་བཅོས་འདི་ཕྱོགས་གླང་གིས་མཛད་པ་ཡིན་པར་བོད་ཀྱི་མཁས་པ་རྣམས་ལ་དོགས་པ་མེད་མོད། སྤྱིར་གསར་རྙིང་གི་མཁས་པ་རྣམས་ལ་འདི་སྐོར་དོགས་པ་མེད་པ་ལྟ་བུ་ནི་མ་ཡིན་ནོ། །རྒྱའི་མཁན་པོ་ཝེན་ཚེགས་ (ཧྭེན་སཱང་།) ཀྱི་རྒྱ་གར་གནས་སྐོར་གྱི་ལོ་རྒྱུས་སམ། ཝེན་ཚེགས་ཀྱིས་རིགས་འཇུག་རྩོམ་སའི་སྐོར་ཇི་ལྟར་གསལ་བའི་ཚུལ་ནི། ཨཾདྷྲ་ཟེར་བའི་ཡུལ་ཞིག་ཏུ་བརྩམས་པར་བཤད་དེ། དེ་ཡང་ཡུལ་དེ་ན་དགྲ་བཅོམ་པ་གཡོ་མེད་[12]ཀྱི་གཙུག་ལག་ཁང་ཞིག་ཡོད་ལ། དེ་ནས་ལྷོ་ནུབ་ཏུ་ཕལ་ཆེར་མེ་ལེ་བཞི་ཙམ་སོང་བ་ན། རི་སྟོང་ཞིག་གི་རྩེ་ན་རྡོའི་མཆོད་རྟེན་ཞིག་ཡོད་ལ། ས་ཆ་དེ་ཉིད་དུ་རིགས་འཇུག་འདི་བྱང་སེམས་རྒྱལ་བ་ཞེས་པའི་བདག་ཉིད་ཆེན་པོ་ཞིག་གིས་བརྩམས་པར་བཤད་དོ།།

འདིར་བྱང་སེམས་རྒྱལ་བ་ཞེས་པ་སུ་ཞིག་ཡིན་གསལ་བར་མ་བཤད་ལ། དེས་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་གོང་གསལ་བསྟན་བཅོས་དེ་བརྩམས་པར་བཤད་པས། དེ་ཉིད་ཐེག་ཆེན་དར་བའི་དུས་ཀྱི་བྱང་སེམས་ཤིག་གོ །དེ་ཉིད་ཕྱོགས་གླང་ཡང་ཡིན་རུང་། ཡིན་པའི་ལོ་རྒྱུས་དེར་མི་གསལ་ལ། ཡིན་ནའང་། བྱང་སེམས་དེས་རི་ཕུག་ཏུ་བསྟན་བཅོས་རྩོམ་པར་བཞེད་པ་དང་། རྩོམ་པའི་བྱ་བ་ལ་ཞུགས་ཚེ་ས་གཡོ་བ་སོགས་ཀྱི་ངོ་མཚར་བའི་གནས་ཚུལ་བྱུང་བ་དང་། མུ་སྟེགས་ཀྱི་སློབ་དཔོན་དང་ཕྲད་པའི་སྐོར་རྒྱའི་ལོ་རྒྱུས་དེར་མེད་ཀྱང་། དེར་བྱང་སེམས་དེ་རྒྱལ་པོ་ཞིག་དང་འཕྲད་དེ་སེམས་བསྐྱེད་གཏོང་བར་རྩོམ་པ་དང་། དེའི་རྗེས་བསྟན་བཅོས་རྩོམ་པའི་བྱ་བ་ལ་ཞུགས་པ་སོགས་མདོར་ན་ཚད་མ་ཀུན་བཏུས་རྩོམ་པའི་ཐོག་མར་བྱུང་བའི་གནས་ཚུལ་འགའ་ཞིག་གོང་སྨོས་བསྟན་བཅོས་དེ་རྩོམ་པའི་སྐབས་སུ་བྱུང་བར་བཤད་འདུག་པས། བྱང་སེམས་དེ་ཕྱོགས་གླང་ཡིན་ནམ་སྙམ་སྟེ་དཔྱད་གཞིར་སྣང་།

ཝེན་ཚེགས་ཀྱི་ལོ་རྒྱུས་དེར་དབྱིག་གཉེན་ཆོས་སྐྱོང་སོགས་ཐམས་ཅད་ཀྱི་མཚན་ཟུར་ལ་བྱང་ཆུབ་སེམས་དཔའ་ཞེས་པའི་སྒྲ་སྦྱོར་སྲོལ་འདུག་ཅིང་། རྒྱལ་བའི་སྐད་དོད་ལ་ཇིན་ཞེས་པ་དང་། ཝིཇཡ་ཞེས་སོགས་ཡོད་པ་ལ་རྒྱའི་སྐད་དུ་ཇི་ལྟར་བསྒྱུར་ཡོད་ཁུངས་མ་ཐོབ་ཀྱང་།[13] བྱང་སེམས་རྒྱལ་བ་ཞེས་པའི་རྒྱའི་སྐད་དེ་ལ་ཕྱོགས་ལས་རྣམ་རྒྱལ་ཞེས་པ་དང་ཉེ་བའི་ཚིག་གཅིག་ཡོད་སྣང་བས། དེ་ཉིད་སྤྱི་མིང་གི་ཚུལ་དུ་ཕྱོགས་གླང་ལའང་གོ་ཚུལ་ཡོད་པས། གོང་གསལ་བྱང་སེམས་དེ་ཕྱོགས་གླང་ཡིན་པར་དོགས་གཞི་ཆེ། ཡིན་ཀྱང་བསམ་ཚུལ་འདི་ལ་དཔྱད་པ་ཞིབ་མོ་ཞིག་དགོས་མོད། མང་བས་འཇིགས་ནས་མ་བྲིས་སོ།།

གོང་གི་བྱང་སེམས་དེས་བརྩམས་པའི་བསྟན་བཅོས་དེའི་མཚན་དུ་རྒྱ་སྐད་རྩ་བར་གཡིན་མིང་ལུན་ (ན་ག་རའི་ཡི་གེར་ཨིན་མིན་ལན་ཞེས་བྲིས་འདུག) ཞེས་པ་ཙམ་ཞིག་འདུག་པར་བཤད་ལ། དེ་ནི་གཡིན་མིང་གཞེའ་ཅིང་ལིའི་ལུན་ཞེས་པ་འདི་ཚིག་སྡུད་ཀྱི་ཚུལ་དུ་བྲིས་པ་ཙམ་ཡིན་ལ། དེ་བོད་སྐད་དུ་བསྒྱུར་ན་ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བ་ཡིན་ནོ། །[14] དེས་ན་གོང་གསལ་བསྟན་བཅོས་རིགས་པར་འཇུག་པ་འདི་ཉིད་ཡིན་ངེས་ལྟར་སྣང་། ནུབ་ཕྱོགས་ཀྱི་མཁས་པ་སྐུ་ཞབས་ཇུ་ལི་ཡན་མཆོག་ནས་གོང་གསལ་རྒྱ་སྐད་རྩ་བ་དེ་ལ་ཞུ་དག་བཏང་སྟེ། དེ་ཉིད་ཨིན་མིན་ཅིང་ལི་མེན་ལན་ཞེས་པ་ཡིན་པར་བྱས་ཏེ། དེའི་དོན་རྟོག་གེའི་བསྟན་བཅོས་རིགས་པའི་སྒོ་ཞེས་པ་ཡིན་པར་བྱས་འདུག[15] མཁས་མཆོག་འདིའི་བཞེད་པ་ལ་བདེན་ཆ་ཡོད་སྲིད་ཀྱང་། གོང་གསལ་ཁུངས་བཟང་ངོ་།།

གཞན་ཡང་ཝེན་ཚེགས་ཀྱི་ལོ་རྒྱུས་དེ་ཉིད་ལས། གོང་གསལ་བསྟན་བཅོས་དེར་རྟོག་གེའི་གྲུབ་མཐའ་ཟབ་ཅིང་དཀའ་བའི་དོན་ཐམས་ཅད་ཤིན་ཏུ་གསལ་ཞིང་། དཔེའི་སྒོ་ནས་བསྟན་པར་བཤད་འདུག་པས་ཀྱང་བསྟན་བཅོས་དེ་རིགས་འཇུག་འདི་ཉིད་ཡིན་པར་གསལ་ཏེ། འདིར་རྟོག་གེའི་ཚིག་དོན་ཐམས་ཅད་ཡན་ལག་དང་བཅས་པ་དཔེའི་སྒོ་ནས་བསྟན་པས་སོ། །ཁ་ཅིག་གོང་གསལ་བསྟན་བཅོས་དེ་ཀླུ་སྒྲུབ་ཀྱིས་མཛད་ཟེར་ཡང་། ཚད་གྲུབ་ཁུངས་ཡོད་དུ་མི་སྣང་བས་རེ་ཞིག་བཞག་གོ །དེས་ན་འདིའི་མཛད་པ་པོ་ཕྱོགས་གླང་ལས་གཞན་དུ་དོགས་མི་དགོས་སོ།།  །།

 

༣) འདིའི་མཛད་པ་པོ་བདེ་བྱེད་བདག་པོ་ཡིན་མིན།

 

མཁས་པ་མང་པོ་ཞིག་རྒྱ་ནག་གི་ལོ་རྒྱུས་འགར་བརྟེན་ནས་རིགས་པ་ལ་འཇུག་པ་འདི་སློབ་དཔོན་ཕྱོགས་གླང་གི་མིན་པར་དེའི་དངོས་སློབ་བདེ་བྱེད་བདག་པོས་མཛད་པ་ཡིན་པར་བཞེད་ལ། རྒྱའི་ལོ་རྒྱུས་འགར་འདི་བདེ་བྱེད་བདག་པོའི་ཡིན་ཟེར་སྲོལ་འདུག །དེ་ལྟར་ཡིན་མི་སྲིད་པ་མིན་མོད། གཞུང་འདིའི་བྱེད་པོ་བདེ་བྱེད་བདག་པོ་ཡིན་པར་ཁས་ལེན་པའི་ཕྱོགས་ལ་སྒྲུབ་བྱེད་ཀྱི་རིགས་པ་གསལ་ཁ་མེད་སྟབས་ཡིད་བརྟན་དཀའ་བ་དང་། ལྷག་པར་ཚད་མ་ཀུན་བཏུས་རྒྱ་སྐད་ལ་ཡོད་པ་མི་གསལ་ཞིང་། འདི་དང་ཕྱོགས་གླང་གི་སྐོར་ལ་དེར་སྒྲུང་གཏམ་ཡང་མང་ཙམ་ཡོད་སྣང་ངོ་།།

གཞན་ཡང་ད་ལྟ་ཧོར་བོད་རྒྱ་གར་སོགས་ལ་བཞུགས་ཡོད་པའི་ནང་པའི་བཀའ་བསྟན་དང་། དེ་དག་གི་ལོ་རྒྱུས་དང་། མཁས་པའི་བྱུང་རིམ་སོགས་ལ་ཕྱོགས་གླང་གི་སློབ་མར་གྱུར་པའི་བདེ་བྱེད་བདག་པོ་ཟེར་བའི་སློབ་དཔོན་ཞིག་ཡོད་པར་མི་གསལ་ལ། དེས་མཛད་པའི་བསྟན་བཅོས་གཞན་དང་ཁུངས་ལྡན་ལོ་རྒྱུས་མ་ཐོབ་ཅིང་། སྔོན་མ་ག་དྷར་བདེ་བྱེད་བདག་པོ་ཞེས་པ་ལྷ་ལས་ཕུལ་བྱུང་གི་བསྟོད་པ་མཛད་མཁན་ཞིག་བྱུང་མོད། དེ་ནི་འཕགས་པ་ཀླུ་སྒྲུབ་ལས་ཀྱང་སྔ་བས། ཕྱོགས་གླང་གི་སློབ་མར་འོང་དོན་མེད། བདེ་བྱེད་དགའ་བོ་ཞེས་པའི་སློབ་དཔོན་ཞིག་དུས་ཕྱིས་བྱུང་མོད། དེ་ནི་སློབ་དཔོན་ཆོས་གྲགས་ལས་ཀྱང་དུས་ཕྱིས་པས། ཕྱོགས་གླང་གི་སློབ་མ་ཡིན་པ་མི་སྲིད་དོ། །སློབ་དཔོན་དབང་ཕྱུག་སྡེ་དང་བདེ་བྱེད་བདག་པོ་རྒྱ་སྐད་ལ་མིང་བྱིངས་འདྲེས་ཏེ་མིང་དེ་གཉིས་རྣམ་གྲངས་སུ་སོང་བའང་སྲིད་མོད། འོན་ཀྱང་བདེ་བྱེད་བདག་པོ་རིགས་པར་འཇུག་པ་འདིའི་བྱེད་པོར་འདོད་པ་རྣམས་ཀྱིས་དེ་གཉིས་ཀའི་མཚན་ཐ་དད་བཀོད་འདུག་པས། རྣམ་གྲངས་པར་སྒྲུབ་པའང་དཀའ་འོ།།

ཚད་ཆེན་དཀའ་འགྲེལ་དུ་ཚིག་གི་དོན་བརྟག་པའི་སྐབས་དང་། མངོན་སུམ་བརྟག་པའི་སྐབས་རྣམས་སུ་བདེ་བྱེད་བདག་པོ་ཞེས་པའི་མཚན་མང་དུ་བྱུང་མོད། དེ་ནི་བྱེ་བྲག་པའི་གཞུང་འཛིན་པའི་མཁས་པ་ཞིག་སྟེ། དེའི་གྲུབ་མཐའ་དང་། ཁས་ལེན་ཀུན་དེ་དང་མཐུན་པས། དེ་ཕྱོགས་གླང་གི་སློབ་མར་མི་སེམས་སོ། །དེས་ན་རིགས་པར་འཇུག་པའི་མཛད་པ་པོ་ཕྱོགས་གླང་དང་དུས་མཚུངས་སུ་ཡོད་པའི་མཁས་པ་ཞིག་ཡོད་པའི་ཁུངས་དང་སྒྲུབ་བྱེད་འབྲེལ་ཡོད་གང་ནས་ཀྱང་མི་གསལ་བས། གཏམ་དེ་རྒྱའི་ཁ་རྒྱུན་ཙམ་ལ་བརྟེན་ནམ་སྙམ་མོ།།

ཕྱོགས་གླང་དང་དེའི་བསྟན་བཅོས་ཀྱི་སྐོར་ལ་རྒྱ་ནག་གི་ལོ་རྒྱུས་རྣམས་མཐའ་གཅིག་ཏུ་བདེན་པར་ཡང་མ་ངེས་ཏེ། ལག་པའི་ཚད་ཀྱི་རབ་ཏུ་བྱེད་པ་རྩ་འགྲེལ་གཉིས་ཀ་རྒྱའི་བསྟན་འགྱུར་ནང་ཕྱོགས་གླང་གིས་མཛད་པར་བཤད་ཅིང་། དེའི་ཁོངས་སུ་བཞག་ཡོད་ལ། པར་མཱ་ཐ་ཞེས་པ་དང་། ཨིད་སིང་ཞེས་པའི་མཁས་པ་གཉིས་ཀྱིས་འགྱུར་རྣམས་བསྡུས་ཏེ་སོ་སོར་བཞག་ཡོད་པའི་གཞུང་ཚན་གཉིས་ཀར་ཡང་། གོང་གསལ་བསྟན་བཅོས་གཉིས་ཀ་ཕྱོགས་གླང་གིས་མཛད་པར་བཞག་མོད། བསྟན་བཅོས་དེ་གཉིས་ཀ་སློབ་དཔོན་འཕགས་པ་ལྷའི་ཡིན་པར་བསྟན་བཅོས་རང་གི་བརྗོད་བྱ་ཉིད་ལས་གསལ་ལ། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་ཀྱང་དེ་གཉིས་འཕགས་པ་ལྷའི་ཡིན་པར་མཛད་དེ། དབུ་མའི་སྡེ་ཚན་དུ་ལེགས་སྦྱར་གྱི་མིང་དང་བཅས་ཏེ་བཞག་འདུག་པ་ཉིད་བདེན་པར་སྣང་ངོ་།།  །།

 

༤) རྒྱ་ནག་ལ་ཡང་འདི་ཕྱོགས་གླང་གི་ཡིན་ཚུལ།

 

གཞན་ཡང་རིགས་པ་ལ་འཇུག་པ་འདི་རྒྱའི་ལོ་ཙཱ་བ་ཐང་ཙང་གིས་ལེགས་སྦྱར་ནས་རྒྱའི་སྐད་དུ་བསྒྱུར་ཅིང་། དེ་ཉིད་སླར་རྒྱའི་དགེ་བཤེས་སིང་གྱང་ཇུས་དང་། བོད་ཀྱི་ལོ་ཙཱ་བ་སྟོན་གཞོན་གྱིས་རྒྱའི་སྐད་ནས་བོད་སྐད་དུ་བསྒྱུར་བ་དང་། སླར་དུས་ཕྱིས་རྒྱ་ནག་ཆེན་པོའི་ལྷའི་བཙུན་པ་ཆོས་ཀྱི་རིན་ཆེན་གྱིས་རྒྱའི་དཔེ་དང་། བོད་ཀྱི་དཔེ་གཉིས་ལ་གཏུགས་ཤིང་བཅོས་ཏེ། དཔལ་ས་སྐྱའི་གཙུག་ལག་ཁང་དུ་དག་པར་བསྒྱུར་[16]འདུག་པ་དེ་ལ་ཡང་། ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་ཞེས་བཀོད་པས། རྒྱའི་དགེ་བཤེས་གཉིས་ཀ་ལ་ཕྱོགས་གླང་དང་དེའི་ཚད་གཞུང་གི་རྒྱུས་མངའ་ཞིབ་ཏུ་ཡོད་པར་ངེས་ཤིང་། རྒྱ་ནག་གི་སྐད་དུ་བཞུགས་པའི་བསྟན་བཅོས་འདིའི་སྐོར་ལའང་ཆ་རྒྱུས་ཞིབ་ཏུ་འདུག་ཅིང་། དེ་གཉིས་ཀས་འདི་ཕྱོགས་གླང་གི་ཡིན་པར་གསལ་བར་བཤད་འདུག་པས། འདི་བདེ་བྱེད་བདག་པོས་མཛད་པར་དོགས་དགོས་དོན་མེད་དོ།།  །།

 

༥) དུས་རབས་མི་འགྲིག་ཚུལ།

 

དུས་རབས་ཀྱི་དབང་དུ་བྱས་ནས་ཀྱང་བསྟན་བཅོས་འདི་བདེ་བྱེད་བདག་པོའི་ཡིན་པར་མི་འཐད་དེ། ཕྱོགས་གླང་གི་དུས་ (མ་ཤི་ཁའི་འདས་ལོ།) 345-425) ཡིན་ལ། བདེ་བྱེད་བདག་པོ་ཕྱོགས་གླང་གི་སློབ་མར་འདོད་པ་རྣམས་ཀྱི་ལྟར་ན། དེ་ནི་ཕྱི་ལོ་ ༥༥༠ རྗེས་ལ་ཡིན་པས་དུས་མི་མཚུངས་ཤིང་། ཕྱི་ལོ་ 498-569 ནང་སློབ་དཔོན་པར་མཱ་ཐ་བྱུང་ཞིང་། དེའི་སྐུ་ཚེའི་སྨད་ཙམ་ལ་ (ཕྱི་ལོ་ 549-557 བར།) ཕྱོགས་གླང་གི་གཞུང་རྒྱ་ནག་ལ་ཡོད་པ་རྣམས་རྒྱའི་སྐད་དུ་བསྒྱུར་ཟིན་ལ། དེའི་ནང་རིགས་འཇུག་འདི་ཡང་ཡོད་པས། བདེ་བྱེད་བདག་པོ་ཕྱོགས་གླང་གི་སློབ་མ་ཡིན་པ་དང་། གཞུང་འདིའི་བྱེད་པོ་ཡིན་པར་འགྲིག་དཀའ་འོ།།

ཕྱི་ལོ་ ༦༩༠-༧༧༠ ནང་བྱོན་པའི་རྒྱལ་བ་པའི་མཁས་མཆོག་སེང་བཟང་ལྷ་ལྡན་གྱིས་ཀྱང་། གཞུང་འདིའི་འགྲེལ་པར་འདི་བདེ་བྱེད་བདག་པོས་མཛད་པར་མ་བཤད་ཅིང་། དེའི་མིང་ཙམ་ཡང་མ་སྨོས་པར་མ་ཟད་འདི་ཕྱོགས་གླང་གིས་མཛད་པར་བཤད་དོ། །གཤམ་གསལ་ཝཱིདྷཱ་ཅཱརྱ་ཞེས་པ་དེ་ལ་ཡང་། འདིའི་རྒྱུས་མངའ་འདུག་པས་འདི་བདེ་བྱེད་བདག་པོའི་ཡིན་པ་མི་འཐད་དོ།།  །།

 

༦ ཀུན་བཏུས་དང་རིགས་འཇུག་གི་རིམ་པ།

 

ཡོངས་གྲགས་ལྟར་ན་ཚད་མ་ཀུན་ལས་བཏུས་པ་སློབ་དཔོན་གྱི་ཚད་མའི་བསྟན་བཅོས་ཀུན་གྱི་སྙིང་པོ་དང་ཕྱི་རྩོམ་ཡིན་པར་འཐད་ཀྱང་། དེ་ལ་དོགས་པ་མེད་པ་ལྟ་བུ་ནི་མ་ཡིན་ཏེ། རིགས་འཇུག་འདིའི་གཤམ་དུ་བསྟན་བཅོས་ཀྱི་མཇུག་བསྡུད་པའི་སྐབས་སུ།

དང་པོར་ཕྱོགས་ཙམ་སྒྲུབ་པའི་ཕྱིར། །ཚིག་དོན་ཙམ་ཞིག་རབ་བསྟན་བྱ། །

གང་དེར་རིགས་པའམ་མི་རིགས་པ། །དེ་བཞིན་གཞན་དུ་ལེགས་དཔྱད་དོ། །

ཞེས་བྱུང་ལ། དེ་ཡང་སུཝི་ཅཱརི་ཏཱ་ཞེས་པ་ལེགས་དཔྱད་དོ། །ཞེས་པ་དང་། ལེགས་དཔྱད་ཟིན་ཞེས་པ་གཉིས་ལ་འཇུག་ལ། དེའི་ཐད་ཀྱི་སེང་བཟང་གི་འགྲེལ་པར་ཡང་། གཞན་ནི་ཚད་མ་ཀུན་ལས་བཏུས་པ་ལ་སོགས་པའོ། །ཞེས་ལེགས་དཔྱད་ཟིན་ཏོ། །སྤྲོས་པ་དང་བཅས་ཏེ་ལེགས་པར་བསྟན་ཞེས་བྱ་བའི་དོན་ནོ། །ཞེས་བྱུང་བས། འདི་ལ་བལྟས་ན། འདི་ཀུན་བཏུས་ཀྱི་ཕྱི་རྩོམ་ལྟར་གོ་ལ། དེ་ལྟར་ཁས་ལེན་ནའང་འཐད་པར་མི་སེམས་ཏེ། རྒྱུ་མཚན་མང་དུ་ཡོད་ཅིང་། དེས་ན་འདི་དཔྱད་གཞིར་སྣང་། འདིར་གཞན་དུ་ཞེས་པ་རིགས་པ་བརྟག་པ་ལ་སོགས་པར་ཞེས་བྱ་སྟེ། སོགས་ཁོངས་ན་ཀུན་བཏུས་ཀྱང་ཡོད་ཅིང་། ལེགས་དཔྱད་དོ་ཞེས་པ་ནི་དེ་དང་དེ་དག་ཏུ་ལེགས་པར་དཔྱད་ཟིན་ཅིང་དཔྱོད་པར་ཡང་འགྱུར་རོ། །ཞེས་ཚིག་སྣོན་བྱས་ཏེ་གོ་བ་བླངས་ན་མི་ལེགས་པ་མེད་ཙམ་བྱུང་ངོ་།།

འདི་ཕྱི་རྩོམ་དུ་བྱས་ནའང་མི་འཐད་དེ། འདིར་སྒྲུབ་པ་ལ་སོགས་པ་བསྟན་པ་རྣམས་ལས་དང་པོ་བར་བསྟན་པའི་ཚུལ་ཙམ་ལས། ཚིག་ཟུར་གྱི་དོགས་གཅོད་སོགས་གསལ་པོར་མ་མཛད་ཅིང་། སྤྱིར་བཏང་ཁོ་ནའི་དབང་དུ་མཛད་འདུག་ལ། ཀུན་བཏུས་སུ་དེ་དག་རེ་རེ་ནས་གསལ་བར་བྱས་འདུག་སྟེ། དཔེར་ན་འདིར། དེ་ལ་སོགས་པ་བརྗོད་པ་རྣམས་སྒྲུབ་པར་བྱེད་པ་སྟེ། ཕྱོགས་དང་གཏན་ཚིགས་དང་དཔེ་བརྗོད་པ་རྣམས་ནི་ཕྱིར་རྒོལ་བ་རྣམས་ཀྱིས་མ་རྟོགས་པའི་དོན་རབ་ཏུ་སྟོན་པར་བྱེད་དོ། །ཞེས་ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཡིན་པ་ལྟར་ལན་གཉིས་སུ་བརྗོད་འདུག་ཅིང་། དེ་དེའི་ཡན་ལག་ཡིན་མིན་གསལ་པོར་མ་གསུངས་ཤིང་། དོགས་པ་མ་བཅད་ཀྱང་། ཀུན་བཏུས་[17]སུ་དེ་ཉིད་དོགས་གཅོད་དང་བཅས་ཏེ་རྒྱས་པར་གསུངས་ཏེ། ཇི་སྐད་དུ།

གཞན་དོན་རྗེས་སུ་དཔག་པ་ནི། །རང་གིས་མཐོང་དོན་རབ་གསལ་བྱེད། །

ཅེས་གསུངས་པ་ལྟར་རོ། །འདིའི་ཐད་ཀྱི་རང་འགྲེལ་ལས་[18]ཀྱང་། ཇི་ལྟར་རང་ལ་ཚུལ་གསུམ་པའི་རྟགས་ལས་རྟགས་ཅན་གྱི་ཤེས་པ་སྐྱེས་པ་དེ་བཞིན་དུ། གཞན་ལ་རྟགས་ཅན་གྱི་ཤེས་པ་བསྐྱེད་པར་འདོད་ནས་ཚུལ་གསུམ་པའི་རྟགས་བརྗོད་པ་ནི་གཞན་གྱི་དོན་རྗེས་སུ་དཔག་པ་སྟེ། རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་རོ། །ཞེས་པས་སྒྲུབ་ངག་ལ་ཚུལ་གསུམ་བརྗོད་པ་ཞིག་དགོས་པར་གསལ་བར་གསུངས་སོ། །སྒྲུབ་ངག་གི་ཡན་ལག་ཏུ་དམ་བཅའམ་དཔག་བྱ་བརྗོད་ན་ཡང་སྒྲུབ་པ་ལྷག་པའི་སྐྱོན་དུ་འགྱུར་རོ། །ཞེས་པ་ནི་དེ་ཉིད་ལས། གལ་ཏེ་རྗེས་སུ་དཔག་པར་བྱ་བ་སྟོན་ན་ནི་དམ་བཅའ་བྲལ་ཏེ། ཞེས་སོགས་གསུངས་པ་ལྟར་རོ།།

དེ་ལྟར་ན་རིགས་པ་ལ་འཇུག་པ་སོགས་སུ་དམ་བཅའ་བརྗོད་པ་སྒྲུབ་ངག་གི་ཡན་ལག་ཏུ་བཤད་པ་སྟེ། རང་ཚིག་སྔ་ཕྱི་འགལ་བར་འགྱུར་རོ། །ཞེ་ན་དེའི་ལན་དུ་ཀུན་བཏུས་ལས[19]།

དེ་ལ་དཔག་བྱ་བསྟན་པ་ནི། །རྟགས་ཀྱི་དོན་གྱི་ཡུལ་དུ་འདོད། །

ཅེས་གསུངས་ཤིང་། དེའི་ཐད་ཀྱི་རང་འགྲེལ་ལས་[20]ཀྱང་། ཡན་ལག་རྣམས་ནས་གང་རྗེས་སུ་དཔག་པར་བྱ་བ་བསྟན་པ་དེ་ནི། ཁོ་བོ་ཅག་གིས་སྒྲུབ་བྱེད་ཉིད་དུ་མི་འདོད་དེ། དེ་ཉིད་ཐེ་ཚོམ་སྐྱེད་པར་བྱེད་པའི་ཕྱིར་རོ། །འོན་ཀྱང་རྟགས་ཀྱི་དོན་དུ་ཡུལ་བསྟན་པའི་ཕྱིར་དེ་ནི་དེས་བསྒྲུབ་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ཡན་ལག་རྣམས་ནས། ཞེས་སོགས་ནི། ཀུན་བཏུས་མ་བརྩམས་གོང་གི་ཚད་མའི་བསྟན་བཅོས་རིགས་སྒོ་ལ་སོགས་པ་ཡན་ལག་གི་ཚུལ་དུ་ཡོད་པ་རྣམས་ནས་ཞེས་པའོ།།

གང་རྗེས་སུ་དཔག་པ་བསྟན་པ་དེ་ནི་ཞེས་པ་ནི། སྒྲུབ་པ་གཏན་ལ་དབབ་པའི་ཚེ་སྟེ། དེའི་མཚན་ཉིད་ལ་སོགས་པ་བསྟན་པའི་སྐབས་སུ་ཕྱོགས་ལ་སོགས་པ་ཞེས་པ་དང་། ཕྱོགས་དང་གཏན་ཚིགས་དང་། ཞེས་པའི་ངག་གིས་དཔག་བྱའམ་ཕྱོགས་བསྟན་པ་ནི། སྒྲུབ་བྱེད་དེ་སྒྲུབ་ངག་གི་ཡན་ལག་ཉིད་མི་འདོད་དོ། །དེ་ལྟར་འདོད་པ་ལ་དགོས་པ་ཡང་མེད་དེ། སྒྲུབ་བྱེད་ནི་དཔག་བྱའི་ཤེས་བྱེད་ཡིན་ལ། དཔག་བྱ་ལ་ཐེ་ཚོམ་ཟ་བའི་ངོར་དཔག་བྱ་བརྗོད་ན་ཐེ་ཚོམ་ཉིད་ལས་མི་འདས་སོ་ཞེས་བྱ་བ་ཡིན་ནོ། །དོན་འདི་དར་ཊཱིཀ་ལས་བཤད་ཚུལ་དང་། སློབ་དཔོན་ཆོས་མཆོག་དང་མཁས་གྲུབ་ཆོས་རྗེའི་གསུང་ཚུལ་རྣམས་དང་། གཞན་ཡང་རིགས་པ་ལ་འཇུག་པའི་བརྗོད་བྱ་རྣམས་དཔྱད་གཞིར་བྱས་ཏེ། ཕྱི་རོལ་པའི་རྟོག་གེའི་གཞུང་དང་། གྲུབ་མཐའི་ཁས་ལེན་སོགས་དང་མཚུངས་བསྡུར་གྱིས་བཤད་བྱ་མང་མོད། མང་བས་འཇིགས་ཏེ་མ་བཀོད་དོ།།

མདོར་ན་ལོ་རྒྱུས་ཐན་ཐུན་དང་། རྟོག་བཟོས་ཀྱི་སྒྲུང་གཏམ་དང་། རིགས་པ་ལྟར་སྣང་རེ་ལ་སྐྱབས་བཅོལ་བའི་གཏམ་རྣམས་ལ་བདེན་ཆ་རེ་ཡོད་རུང་། མཐའ་གཅིག་ཏུ་ངེས་པ་མེད་ལ། དངོས་པོའི་གནས་ཚུལ་དང་འབྲེལ་བའི་སྒྲུབ་བྱེད་དང་ཚད་མ་ཕུལ་དུ་བྱུང་བ་རེ་འདུག་ན་གོང་སྨོས་རྣམས་ཀྱང་ཆོས་ཉིད་ཀྱི་བདེན་པ་ལྟ་བུ་ནི་མ་ཡིན་ཏེ། བརྟག་དཔྱད་ཀྱི་གནས་ཁོ་ན་ཡིན་པས། བདེན་པའི་དཔང་པོ་དང་བསྟུན་ཏེ་རིགས་པས་བླང་དོར་ལ་འཇུག་པར་བྱ་དགོས་སོ།།  །།

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1]  ཇོ་ནང་མདོ་སྔགས་རིག་པའི་དཔེ་ཚོགས། ༼༢༦༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༤ ནས་ ༦ བར།

[2]  འབྲི་གུང་བཀའ་བརྒྱུད་ཆོས་མཛོད། ༼ཇེ༽ དཔེ་རིང་། ཤོག་གྲངས་ ༣༠བ༢ ནས་ ༣༡བ༣ བར།

[3]  སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་ ༣༨༤

[4]  བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ཤོག་གྲངས་ ༤༥༡

[5]  སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་ ༣༨༤

[6]  སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་ ༣༨༤

[7]  སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་ ༣༨༤

[8]  སྡེ་དགེ་བསྟན་འགྱུར། ཚད་མ། ༼ཅེ༽ ཤོག་གྲངས་ ༨༤ ཉི། P. 130-21

[9]  དཀའ་འགྲེལ་ཤོག་གྲངས་ ༩༌ ༣༠༌ ༢༨༌ ༡༤༌ ༡༢ རྣམས་སུ་གཟིགས།

[10]  Notes P.i, ii P.I. Title & 1-3

[11]  འགྲེལ་པ་ཤེར་སྒྲོན་དུ། མདྱམཀ །ཞེས་པའི་ཀ་ཡིག་དབུ་མའི་གྲུབ་མཐའ་ལ་འཇུག་པར་བཤད། ཤེར། ༢-༣ དབུ་མ། ༼ཚ༽ སྡེ།

[12]  འདིའི་མིང་ལ་རྒྱ་སྐད་དུ་ཨཱཅཱར་ (སྤྱོད་པ་) ཞེས་པའི་དོན་འདུག་ཀྱང་། ཨ་ཇན་ཏའི་ཕུག་གི་རྡོ་ཡིག་ལ་དགྲ་བཅོམ་དེའི་མཚན་འཁོད་པར་གཡོ་མེད་ཅེས་པ་འདུག

[13]  འདི་དག་ཨིན་སྐད་དང་། ཧིན་སྐད་ལ་ཡོད་པར་བརྟེན་མ་ཡིག་ལ་རྒྱ་དཔེ་རྩ་བ་མ་ཐོབ།

[14]  རྒྱའི་དགེ་བཤེས་སིང་གྱང་འཇུས་དང་། བོད་ལོ་སྟོན་གཞོན་ (གྲགས་པ་རྒྱལ་མཚན།) གྱིས་རིགས་པར་འཇུག་པ་རྒྱའི་སྐད་ནས་བོད་སྐད་དུ་བསྒྱུར་བའི་མཚན་དུ་དེ་ལྟར་བྲིས་ཡོད། སྡེ། ཚད། ༼ཅེ༽ ཤོག་ ༨༩

[15]  དེའི་དེབ་ཤོག་ ༥༦༨

[16]  སྡེ་དགེ་བསྟན་འགྱུར། ཚད་མ། པོད། ༼ཅེ༽ ཤོག་གྲངས་ ༩༢

[17]  བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་། ༩༧ པ། ཤོག་གྲངས་ ༡༣

[18]  བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་། ༩༧ པ། ཤོག་གྲངས་ ༡༢༡

[19]  བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་། ༩༧ པ། ཤོག་གྲངས་ ༡༣

[20]  བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་། ༩༧ པ། ཤོག་གྲངས་ ༡༢༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༢༠ ནས་ ༣༣༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *