ཝ༽ ཟླ་བ་གྲགས་པའི་གཞུང་ལུགས་ཀྱི་བརྗོད་དོན།
དེ་ཡང་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བློ་གསལ་ཀུནྡའི་དགའ་སྟོན་ལས[1]།
ལུང་རིགས་སེངྒེའི་ང་རོ་ཆེར་སྒྲོགས་པས། །རྩ་འཇུག་བཞི་གསུམ་རིགས་པ་དྲུག་ཅུ་པ། །
སྟོང་ཉིད་བདུན་ཅུའི་འགྲེལ་པ་ལ་སོགས་པར། །ཟབ་དོན་གསལ་བར་མཛད་ལ་གསོལ་བ་འདེབས། །
རྡོ་རྗེ་འཆང་དབང་ཞལ་གདམས་བདུད་རྩིའི་བཅུད། །འདུས་པའི་རྒྱུད་འགྲེལ་སྒྲོན་མ་གསལ་བ་དང་། །
སྦྱོར་དྲུག་འགྲེལ་པ་རྡོར་སེམས་སྒྲུབ་ཐབས་སོགས། །གསང་དོན་ལེགས་པར་ཕྱེ་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར་ལེགས་བཤད་ཀྱི་བསྟན་བཅོས་མང་དུ་མཛད་ཅིང་། གཞུང་ལུགས་དེ་དག་གི་བརྗོད་བྱའི་དོན་ལ་མཚོན་ནའང་། བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བུང་བའི་སྒྲ་དབྱངས་གཡོ་བ་ལས[2]། གཞུང་ལུགས་རྩོམ་ཚེ་ཁྱོད་དང་འཇམ་དཔལ་དབྱངས། །གཟུགས་ཉིད་ཁོ་ནའི་ཚུལ་གྱིས་ཐ་དད་དེ། །དེ་བཞིན་ཚངས་པའི་བུ་མོ་དབྱངས་ཅན་དེ། །ཁྱོད་ལས་ལྷ་མོའི་མཚན་མ་ཐ་དད་ཙམ། །དགོས་འདོད་ལྟ་བས་མི་ངོམ་བཞིན་ལེགས་མ། །བསྡུས་དོན་ཕྲ་ཞིང་ཕྲ་བའི་སྐེད་སྐབས་ཅན། །ཚིག་དོན་སྐྱེ་མཆེད་མཐའ་དག་རབ་རྫོགས་པས། །ཉིད་ཀྱི་གཞུང་ལུགས་མཛེས་མའི་མཚན་ཉིད་ཀྱིས། །མཁས་པ་ཀུན་གྱི་ཡིད་ཀྱི་རི་དྭགས་ཀུན། །བཀུག་ནས་འཛིན་པའི་རྒྱ་རྙི་འདི་ཉིད་ཀྱིས། །ལེགས་བཤད་ལྟ་བས་མི་ངོམས་འདི་མཐོང་ཚེ། །གཞུང་གཞན་སྒེག་མོའི་མཛེས་ཆོས་ཁོ་ནར་ཟད། །ཁྱོད་གཞུང་མཚམས་སྦྱོར་མཛེས་པའི་དྲིན་ལན་གྱིས། །སིལ་སྙན་ཡིད་འཕྲོག་ཟློས་གར་བསྒྱུར་བ་ན། །གཞུང་གཞན་འདི་དག་ཆོ་ངེ་འདེབས་པ་བཞིན། །རྣ་བ་འབིགས་པའི་ཚེར་མ་ཁོ་ནར་ཟད། །ཉི་ཟླ་ལྟ་བུའི་གསལ་བ་རྣམ་གཉིས་ཀྱིས། །མདོ་རྒྱུད་མཛེས་མས་བརྒྱན་པར་མཐོང་བའི་ཚེ། །གཞུང་གཞན་འདི་དག་རྒྱལ་བའི་བསྟན་པ་དག །ཤིན་ཏུ་སློང་བའི་ཆེད་དུ་ཆས་པ་འདྲ། །ཞེས་དང་། དེ་བཞིན་སེ་ར་ཀུན་མཁྱེན་བློ་གྲོས་རིན་ཆེན་ (1386-1423) གྱིས་མཛད་པའི་བསྟོད་པ་དགེ་ལེགས་དཔལ་འབར་མ་ལས[3]།
སྐྱེ་བ་ཀུན་ཏུ་ཁྱོད་གསུང་ལྕགས་ཀྱུ་ཡིས། །ལེགས་པར་དྲངས་ཏེ་བདག་ཡིད་གླང་པོ་ཆེ། །
གྲགས་པ་རྣམ་གསུམ་གཞུང་གི་ལམ་བཟང་ནས། །ཐར་པའི་གྲོང་མཆོག་འཇུག་པར་བྱིན་གྱིས་རློབས། །
ཞེས་གསུངས་པ་ལྟར་དཔལ་ལྡན་ཟླ་བ་གྲགས་པ་དང་། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་པ། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་གསུམ་ལ་གྲགས་པ་རྣམ་གསུམ་ཞེས་གྲགས་པའི་སྐྱེས་མཆོག་གསུམ་གྱི་ཡ་གྱལ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་བསྟན་བཅོས་ལ་མཚོན་ན། རྗེ་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོ་ལས[4]།
ལུང་བསྟན་བརྙེས་པའི་དཔའ་བོ་ཀླུ་སྒྲུབ་ཀྱིས། །ཇི་བཞིན་བཀྲལ་བའི་གཞུང་གི་མཆོག་གྱུར་པ། །
དེ་ནི་དཔལ་ལྡན་རྩ་བའི་ཤེས་རབ་ཅེས། །ཉི་ལྟར་གྲགས་པའི་རྣམ་བཤད་ཟླ་མེད་པ། །
རྒྱལ་བའི་མྱུ་གུ་སངས་རྒྱས་བསྐྱངས་ཀྱི་གཞུང༌། །དེ་ཡིས་ལེགས་པར་བཤད་ལ་ལེགས་བཤད་དུ། །
ལེགས་པར་རྟོགས་ནས་རྒྱས་པར་བཀྲལ་བ་ནི། །ཟླ་བའི་གཞུང་བཟང་ཚིག་དོན་གསལ་བ་འོ། །
ཞེས་གསུངས་པ་ལྟར། སློབ་དཔོན་འདིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ལྟར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་བརྗོད་དོན་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་ཤིང་། ས་ལམ་འབྲས་བུ་དང་བཅས་པ་རྒྱས་པར་སྟོན་པའི་གཞུང་ལུགས་དབུ་མ་རྩ་བའི་དོན་འགྲེལ་ལྟ་བུའི་བསྟན་བཅོས་ཏེ། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་རང་རྐང་དུ་བརྩམས་པ་མདོ་སྡེ་ས་བཅུ་དང་འབྲེལ་བའི་སེམས་བསྐྱེད་བཅུའི་རབ་བྱེད་ཅན་གྱི་རྩ་འགྲེལ་གཉིས་ལས་རྩ་བ་ ༡༽ དབུ་མ་ལ་འཇུག་པ་དང་། ༢༽ དབུ་མ་ལ་འཇུག་པའི་རང་འགྲེལ་བཅས་ཀྱི་ཕུལ་དུ་བྱུང་བའི་ལེགས་བཤད་དག་དང་། ༣༽ དེ་བཞིན་དབུ་མ་ལ་འཇུག་པའི་ཚིག་ལེའུར་བྱས་པ་དང་། ༤༽ དབུ་མ་ཤེས་རབ་ལ་འཇུག་པ་བཅས་མཛད་ཅིང་། ༥༽ ཁྱད་པར་དུ་ཆོས་རྣམས་ཀྱི་གནས་ལུགས་སྟོང་པ་ཉིད་རིགས་པ་བརྒྱ་ཕྲག་གི་སྒོ་ནས་གཏན་ལ་འབེབས་པ་དབུ་མ་རྩ་བ་ཤེས་རབ་ཀྱི་ཚིག་འགྲེལ་ལྟ་བུའི་དབུ་མ་ཚིག་གསལ་དང་། ༦༽ ལམ་ཐུན་མོང་བས་རྒྱུད་སྦྱངས་ནས་ཐུན་མོང་མིན་པ་བླ་མེད་ཀྱི་ལམ་ལ་འཇུག་པའི་འཇུག་སྒོ་དབང་དང་དམ་ཚིག །ཞུགས་ནས་སྒོམ་བྱའི་ལམ་རིམ་པ་གཉིས་འབྲས་བུ་དང་བཅས་པ་མཐའ་དག་ཡོངས་སུ་རྫོགས་པར་སྟོན་པ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་བཅས་ཉི་ཟླ་ལྟར་གྲགས་པའི་མདོ་སྔགས་ཀྱི་བསྟན་བཅོས་གཉིས་ཏེ། རྩ་ཤེའི་འགྲེལ་པ་ཚིག་གསལ་དང་། གསང་འདུས་འགྲེལ་པ་སྒྲོན་གསལ་རྣམ་གཉིས་ལ་སྔོན་གྱི་མཁས་པ་རྣམས་ཀྱིས།
གནམ་ལ་ཉི་ཟླ་རྣམ་གཉིས། །ས་ལ་གསལ་བ་རྣམ་གཉིས།།
ཞེས་ས་སྟེང་ན་འགྲན་ཟླ་མེད་པའི་བསྟན་བཅོས་སུ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད་ལ། ངེས་དོན་མཐར་ཐུག་པའི་དབུ་མ་ཐལ་འགྱུར་བའི་གཞུང་འཛམ་གླིང་ཀུན་ཏུ་འོད་སྣང་འབྱེད་པར་མཛད། དེ་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་བཀྲ་ཤིས་བསམ་གཏན་གླིང་གི་བཀའ་བསྟན་རིན་པོ་ཆེའི་དཀར་ཆག་ཐུབ་བསྟན་གསལ་བྱེད་ལས[5]། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་བཟང་ཆེས་ཆེར་གསལ་བར་བྱ་ཕྱིར་ལམ་གྱི་ལུས་ཚང་བར་སྟོན་པའི་བསྟན་བཅོས་དབུ་མ་ལ་འཇུག་པ་དང་། བཞི་བརྒྱ་པའི་འགྲེལ་པ་དང་། རིགས་པ་དྲུག་ཅུ་པའི་འགྲེལ་པ་སོགས་མང་དུ་མཛད་ཅིང་། ལྷག་པར་རྩ་ཤེའི་འགྲེལ་པ་ཚིག་གསལ་དང་། གསང་བ་འདུས་པའི་རྒྱུད་འགྲེལ་སྒྲོལ་གསལ་གཉིས་མཛད་དེ། དེ་ལ་ནི་མཁའ་ལ་ཉི་ཟླ་རྣམ་གཉིས་དང་། ས་ལ་གསལ་བ་རྣམ་གཉིས་ཞེས་འགྲན་ཟླ་མེད་པའི་བསྟན་བཅོས་སུ་འཕགས་ཡུལ་མཁས་པ་རྣམས་ལ་གཏམ་དུ་གྲགས་སོ། །ཞེས་གསུངས་སོ།།
དེ་བཞིན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[6]། འགྲེལ་བཤད་ཚིག་གསལ་ནི། དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཚིག་གསལ་བྱ་བའི་བསྟན་བཅོས་དེ་ཡིན་ཅིང༌། དེ་ནི་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་གསལ་བར་མཛད་པའི་སློབ་དཔོན་དཔལ་ལྡན་ཟླ་བ་གྲགས་པ་ཞུ་བ་དེས་མཛད་ཅིང༌། གཙོ་བོ་ཆོས་རྣམས་ཀྱི་གནས་ལུགས་སྟོང་པ་ཉིད་རིགས་པ་བརྒྱ་ཕྲག་གི་སྒོ་ནས་གཏན་ལ་འབེབས་པའི་གཞུང་ཞིག་ཡིན། བསྟན་བཅོས་འདི་དང་སློབ་དཔོན་འདིས་མཛད་པའི་གསང་བ་འདུས་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་གཉིས་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་མཁའ་ལ་ཉི་ཟླ་རྣམ་གཉིས། ས་ལ་གསལ་བ་རྣམ་གཉིས་ཞེས་སའི་སྟེང་ན་འགྲན་ཟླ་མེད་པའི་བསྟན་བཅོས་སུ་བསྔགས་སོ། །ཞེས་གསུངས་པ་ལྟར་རོ།།
༧༽ སློབ་དཔོན་འདིས་ལམ་གྱི་རིམ་པའི་ལྟ་བའི་གནད་རྣམས་སྟོན་པའི་བསྟན་བཅོས་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་འགྲེལ་པ་དང་། ༨༽ རིགས་པ་དྲུག་ཅུ་པའི་འགྲེལ་པ། ༩༽ དབུ་མ་ཕུང་པོ་ལྔ་པ། ༡༠༽ སྟོང་ཉིད་བདུན་ཅུ་པའི་འགྲེལ་པ། ༡༡༽ སྐྱབས་འགྲོ་བདུན་ཅུ་པ། ༡༢༽ ཐུགས་རྗེ་ཆེན་པོ་ལ་སྨྲེ་སྔགས་སུ་གསོལ་པ། ༡༣༽ གསང་བ་འདུས་པའི་སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། ༡༤༽ གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ། ༡༥༽ རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། ༡༦༽ ཁྲོ་བོ་བདུད་རྩི་འཁྱིལ་བའི་སྒྲུབ་ཐབས། ༡༧༽ སྒྲོལ་མའི་བསྟོད་པ་རྣམས་མཛད་དོ།།
ཞར་བྱུང་པཎྜི་ཏ་ཟླ་བ་གྲགས་པའི་མཚན་ཅན་གྱི་འགྱུར་རྩོམ་ལ་མཚོན་ན། བསྟན་འགྱུར་ལས། རྒྱུད། ༼པ༽ པོད་དུ། སློབ་དཔོན་ཨཱ་བ་དྷཱུ་ཏཱི་པས་མཛད་པའི་དཔལ་དུས་ཀྱི་འཁོར་ལོའི་མན་ངག་གི་སྦྱོར་བ་ཡན་ལག་དྲུག་གི་རྒྱུད་ཀྱི་དཀའ་འགྲེལ་དང་། དེ་ཡང་འགྱུར་བྱང་ལས[7]། དཔལ་དུས་ཀྱི་འཁོར་ལོའི་མན་ངག་སྦྱོར་བ་ཡན་ལག་དྲུག་གི་རྒྱུད་ཀྱི་དཀའ་འགྲེལ་སྦས་པ་མིག་འབྱེད་ཅེས་བྱ་བ། སློབ་དཔོན་ཨ་ཝ་དྷཱུ་ཏཱི་པས་མཛད་པ། རྒྱ་གར་གྱི་མཁན་པོ་དགེ་སློང་ཟླ་བ་གྲགས་པའི་འགྱུར། ཞེས་གསལ་ལ། ཡང་དབུ་མ། ༼ཙ༽ པོད་དུ་རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ་ཞེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ (281-282) དེ་ལ་སོགས་པ་ཆོས་ཚན་གཉིས་བཅས་ཀྱང་བཞུགས་ཡོད[8]། དེ་ཡང་འགྱུར་བྱང་ལས[9]། ཁ་ཆེའི་པཎྜི་ཏ་ཟླ་བ་གྲགས་པས་བསྒྱུར་བའོ། །ཞེས་བྱུང་བ་དང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས་[10]ཀྱང་། ཁ་ཆེའི་པཎྜི་ཏ་དགེ་སློང་ཟླ་བ་གྲགས་པའི་འགྱུར་ལ། བསྟན་འགྱུར་ལས། རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་མཛད་པ། ཞེས་བྱུང་བ་ལྟར། ཁ་ཆེའི་པཎྜི་ཏ་དགེ་སློང་ཟླ་བ་གྲགས་པ་ནི། པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་དཔལ་ལྡན་ཟླ་བ་གྲགས་པ་དང་མཚན་གྱི་ཆ་ཤས་མཚུངས་པ་ཙམ་ལས། པཎྜི་ཏ་ཐ་དད་པ་ཡིན་འདུག་པས་མ་ནོར་བ་མཛད་གལ་ཆེའོ།།
དེ་མིན་དཔལ་ལྡན་ཟླ་བ་གྲགས་པས་སྒྲ་ཡི་བསྟན་བཅོས་ཀུན་ཏུ་བཟང་པོ་མཛད་ཀྱང་རིང་མིན་འཇིག་རྟེན་འདི་ནས་ནུབ་པར་གྲགས་པ་དང་། དེ་བཞིན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི་རྗེ་བླ་མ་རྒྱན་དྲུག་མཆོག་གཉིས་དང་བཅས་པ་ལ་ཕྱག་མཆོད་འབུལ་ཚུལ་ལག་ཏུ་བླང་བདེ་བར་བཀོད་པ་བྱིན་རླབས་ཉིན་བྱེད་འདྲེན་པའི་ཤིང་རྟ་ལས[11]།
ཀླུ་སྒྲུབ་གཞུང་ལུགས་ཤེལ་གྱི་ཨཱ་དར་ཤ །ཟླ་བྲལ་ལུང་རིགས་བྱི་དོར་གྱིས་སྦྱངས་ཏེ། །
མདོ་སྔགས་ལམ་བཟང་མ་ནོར་གསལ་མཛད་པ། །དཔལ་ལྡན་ཟླ་བའི་ཞབས་ལ་ཕྱག་འཚལ་ལོ། །
ཞེས་བསྟོད་ཕྱག་མཛད་པ་ལྟར་མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[12]། ཟླ་གྲགས་ཀྱིས་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཚིག་གསལ་དང༌། བཞི་བརྒྱ་པའི་འགྲེལ་པ་དང༌། འཇུག་པའི་འགྲེལ་པ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། རིན་པོ་ཆེའི་ཕྲེང་བ་དེ་རྣམས་ཀྱི་འགྲེལ་པ་མཛད། ཅེས་གསལ་ནའང་། བསྟན་འགྱུར་དཀར་ཆག་དང་། ཆོས་འབྱུང་དེབ་ཐེར་ཁག་ཏུའང་རིན་པོ་ཆེའི་ཕྲེང་བའི་འགྲེལ་པ་མཛད་ཚུལ་མཇལ་རྒྱུ་མི་སྣང་བས་དཔྱད་པར་འཚལ་ལོ།།
རོང་སྟོན་སྨྲ་བའི་སེངྒེས་ (1367-1449) མཛད་པའི་ཐེག་པ་ཆེན་པོ་དབུ་མའི་བླ་མ་བརྒྱུད་རིམ་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་མཛེས་ལས[13]།
དཔལ་ལྡན་ཟླ་བའི་གསུང་ཟེར་ལས་འཁྲུངས་པ། །འཇམ་དཔལ་གྲགས་པ་དེ་ཝ་ཙནྡྲ་དང༌། །
པ་ར་ཧེ་ཏ་བཞད་པའི་རྡོ་རྗེ་སོགས། །རྒྱ་གར་མཁས་པ་རྣམས་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར་སློབ་དཔོན་འདི་ཉིད་ཀྱི་ཐུགས་སྲས་རིག་པའི་ཁྱུ་བྱུག་སོགས་མདོར་ན་མདོ་སྔགས་གཉིས་ལ་མཁས་གྲུབ་མཐར་སོན་པའི་སྐྱེས་ཆེན་དུ་མ་བྱོན་ཡོད་པ་དང་། དཔལ་ལྡན་ཟླ་བ་གྲགས་པའི་གསུང་གི་འཕྲིན་ལས་གཙོ་བོ་གནས་ལུགས་སྟོང་པ་ཉིད་དོན་རྒྱ་ཆེར་བསྟན་ཡོད་པ་སྟེ། སློབ་དཔོན་ཀླུ་སྒྲུབ་ལུགས་བཟང་བསྙད་ལས་བདག་གིས་བསོད་ནམས་ཕྱོགས་ཀྱི་མཐར། །ཞེས་འཇུག་པ་ལས་གསུངས་པ་ལྟར་སློབ་དཔོན་འདིས་གཞུང་ལུགས་མང་དུ་མཛད་དེ། འཕགས་པའི་དགོངས་པ་སངས་རྒྱས་བསྐྱངས་ཀྱིས་བཀྲལ་བའི་ལུགས་བཟང་དེ་ཉིད་ཆེས་ཆེར་དར་རྒྱས་སུ་མཛད་པའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཟླ་བསྟོད་དགའ་སྟོན། དཔེ་རིང་། ཤོག་ ༡ན༡ ནས་ ༣བ༦ བར།
[2] ཆོས་སྤྱོད་རབ་གསལ་ཕན་བདེའི་འབྱུང་གནས། བོ་དོང་གསུང་རབ་ཉམས་ཞིབ་ཁང་། ༢༠༡༠ ལོ། ཤོག་ ༡༧༤
[3] སྒོམ་སྡེ་ཚིག་མཛོད་ཆེན་མོ། ཐེ་ཝན་པར་མ། གླེགས་བམ། ༼༡༽ ༢༠༡༣ ལོ། ཤོག་གྲངས་ ༢༩༡
[4] བྱང་ཆུབ་ལམ་རིམ་ཆེན་མོ། དགའ་བྱང་། ཐེ་ཝན་པར་མ། ༡༩༩༩ ལོ། ཤོག་གྲངས་ ༧༦༨
[5] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༡༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་ ༣༤༧
[6] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༦༣༥
[7] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པ༽ དེབ་ཨང་། ༧ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༡༤༧༧
[8] དུས་རབས་རིམ་བྱོན་གྱི་ལོ་པཎ་དང་འགྱུར་བྱང་ཞིབ་འཇུག །མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ལོ། ཤོག་གྲངས་ ༣༢༡
[9] བསྟན་འགྱུར་དཔེ་བསྡུར་མ། ༼པ༽ དེབ་ཨང་། ༧ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་གྲངས་ ༧༧༠
[10] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། ༼༡༽ ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། ༡༩༨༣ ལོ། ཤོག་ ༤༡༩
[11] https://chodenrinpoche.com/13-literary-works-category/ritual-category/63-sbs-006
[12] རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༧༦
[13] རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༠༧
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༥༧ ནས་ ༥༦༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།