ཇ༽ དགེ་བསྙེན་ཞི་བའི་གོ་ཆས་ཉི་ཁྲི་གདན་དྲངས་ཚུལ།
དེ་ཡང་དགེ་བསྙེན་ཞི་བའི་གོ་ཆས་[1]ཉི་ཁྲི་གདན་དྲངས་ཚུལ་ནི། དགེ་བསྙེན་དེ་ནགས་ཁྲོད་ཅིག་ན་འཕགས་པ་སྤྱན་རས་གཟིགས་ཀྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གནས་པའི་ཚེ། ཡུལ་དེའི་རྒྱལ་པོ་ཞིག་གིས་བསྐུལ་ནས་པོ་ཏ་ལར་འགྲོ་བར་ཆས་ནས་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་སོང་བ་ན། ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་སླེབས།
དེ་ནས་པོ་ཏ་ལར་འགྲོ་བའི་ལམ་ཡིག་ལྟར་འགའ་ཞིག་གི་ཐད་དུ་ས་འོག་ཏུ་བགྲོད་པ་དང་། རྒྱ་མཚོ་ལ་གཟིངས་བཅས་ཏེ་བགྲོད་པ་སོགས་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་ཕྱིན་ཏེ་པོ་ཏ་ལའི་རི་བོའི་གཤམ་དུ་སླེབས་པ་ན། གཡང་ས་ཆེན་པོ་སུས་ཀྱང་བགྲོད་མི་ནུས་པ་ཞིག་བྱུང་བས་ལྷ་མོ་རལ་གཅིག་མ་ལ་གསོལ་བ་བཏབ་པས་ལྷ་མོའི་མཐུས་གཡང་ས་ཆེན་པོ་དེ་ལ་ཟམ་པ་ཞིག་བྱུང་ནས་ཐར། དེ་ནས་གཅན་གཟན་གྱི་འཇིགས་པ་ཆེན་པོ་བྱུང་བ་ལ། འཕགས་པ་ཉིད་ལ་གསོལ་བ་བཏབ་པས་འཇིགས་པ་ལས་གྲོལ། དེ་ནས་རི་བོ་ལ་འཛེགས་པ་ན་རི་བོའི་གཤམ་དུ་རྗེ་བཙུན་མ་སྒྲོལ་མའི་གནས་དང་། ཁྲོ་གཉེར་ཅན་མའི་གནས་དང་། རིའི་རྩེ་མོ་ན་འཕགས་པའི་གཞལ་མེད་ཁང་ཡོད་པ་རྣམས་སུ་རིམ་གྱིས་ཕྱིན་ཏེ་འཕགས་པའི་ཞལ་དངོས་སུ་མཇལ། ཉི་ཁྲི་ལེ་བརྒྱད་མ་གདན་དྲངས། འཕགས་པ་ཐུགས་རྗེ་ཆེན་པོའི་མཐུས་བར་གེགས་མེད་པར་ཝཱ་རཱ་ཎ་སཱིར་སླེབས་ནས་དེའི་གཙུག་ལག་ཁང་དུ་ཉི་ཁྲི་བཞུགས་སོ།།

རྣམ་ཐར་ཁག་ཏུ་གཙུག་ལག་ཁང་དུ་མའི་བདག་པོ་ཞེས་དང་། གཙུག་ལག་ཁང་ཉི་ཤུ་རྩ་བཞིའི་བདག་པོ་ཞེས་མང་ཚིག་དང་གྲངས་འདྲེན་གསལ་བ་ཙམ་ལས་གཙུག་ལག་ཁང་གང་དག་ཡིན་མིན་སྐོར་རྣམ་ཐར་ཁག་ཏུ་མི་གསལ་ལོ།།
དེ་བཞིན་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཚིག་གསལ་ལས་[2]ཀྱང་། ཀླུ་སྒྲུབ་སྒྲ་གཅན་འཛིན་ནི་བཟང་པོའི་ཞལ་སྔ་ནས་བཅས་ལྷས་ཀྱང་གསུང་རྗེས་སུ། །འབྲངས་པས་དེ་ཡི་ཚུལ་ལུགས་དུས་ནི་ཡུན་རིང་ཞིག་ཏུ་གསལ་བར་བསྟན་པར་མཛད། །དེ་ཡི་སློབ་མ་བསྟན་བཅོས་དེ་ལ་རྣམ་པར་འབྱེད་པས་རྣམ་ངེས་བློ་ལྡན་པ། །རྣམས་ཀྱིས་ཀྱང་ནི་མུ་སྟེགས་མ་ལུས་ཕམ་བྱས་ཐུབ་མཆོག་བསྟན་པ་ཡུན་རིང་བཤད། །དབུ་ནི་དོན་དུ་གཉེར་བ་འོངས་ལ་ཐུགས་རྗེས་དབུ་ནི་བཅད་དེ་སྩལ་མཛད་ནས། །བདེ་བ་ཅན་དུ་རྒྱལ་བའི་སྲས་པོ་ཀླུ་སྒྲུབ་གཤེགས་པར་གྱུར་པ་དེས་མཛད་པའི། །གཞུང་རྣམས་དང་ནི་དེ་ཡི་སློབ་མའི་ཚོགས་དེ་དག་ཀྱང་དུས་མང་ཞིག་ན་ཉམས་པར་གྱུར། །དེ་ཉིད་ཉི་མ་ནུབ་པས་དེང་སང་གཞུང་ལུགས་གསལ་པོ་དེ་ནི་གང་ནའང་མེད། །ཅེས་གསུངས་པ་ལྟར། སྔར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་སྐུ་དུས་སུ་ཉི་ཁྲི་ལེ་བརྒྱད་མ་འདི་ཉིད་འཛམ་བུའི་གླིང་དུ་ཡོད་པར་བསྙོན་དུ་མེད་ཀྱང༌། འཕགས་པ་ཀླུ་སྒྲུབ་ཡབ་སྲས་རྣམས་འདས་ནས་ ༼ཕྱི་ལོ་ ༤༧༠ ནས་ ༥༤༠༽ སློབ་དཔོན་སངས་རྒྱས་བསྐྱངས་བྱོན་པའི་བར་དུ་ལོ་ངོ་ ༢༠༠ ལྷག་གི་རིང་ལ་བསྟན་པ་སྤྱི་དང་། ལྷག་པར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་རྣམས་ཆེས་ཆེར་ཉམས་པར་གྱུར་པས། ཡུམ་བར་མ་འདི་ཡང་རྒྱ་གར་འཕགས་པའི་ཡུལ་དུ་མ་བཞུགས་པར་འཕགས་པ་གྲོལ་སྡེའི་སྐུ་དུས་སུ་དགེ་བསྙེན་ཞི་བའི་གོ་ཆས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་རི་བོ་པོ་ཏ་ལ་ནས་ལྷོ་འཛམ་བུའི་གླིང་དུ་གདན་དྲང་དགོས་པ་བྱུང་བ་ཡིན་ནམ་སྙམ་མོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྒྱ་གར་གྱི་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་དུས་མཉམ་དུ་བྱོན་པའི་དགེ་བསྙེན་ཞི་བའི་གོ་ཆ་ཞེས་པུཎ་ཝརྟ་ནའི་རྒྱལ་པོ་ཤུ་བྷ་ས་རའི་བཀའ་བཞིན་རི་བོ་པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་གདན་འདྲེན་པ་པོ་དང་། རང་ཡུལ་དུ་ཁ་སརྤཱ་ཎིའི་གཙུག་ལག་ཁང་བཞེངས་མཁན་དེ་ཡིན།
[2] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ ༦༠ པ། ༡༩༩༤ ལོ། ཤོག་གྲངས་ ༤༨༡
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༩ ནས་ ༣༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།