ང༽ ཀ་མ་ལ་ཤཱི་ལ་དུས་ནམ་ཞིག་ལ་བྱོན་མིན།
དེ་ཡང་དུས་རབས་བརྒྱད་པར་བོད་དུ་བྱོན་པའི་པཎྜི་ཏ་བཀའ་དྲིན་ཆེ་བ་གསུམ་སྟེ། མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས། སློབ་དཔོན་ཀ་མ་ལ་ལ་ཤཱི་ལ་གསུམ་གྱི་ཡ་གྱལ་སློབ་དཔོན་པདྨའི་ངང་ཚུལ་དུས་ནམ་ཞིག་བྱོན་མིན་ནམ་ཞེ་ན། རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) མཆོག་གིས་མཛད་པའི་སྒོམ་རིམ་མཐའ་མའི་འགྲེལ་པ་ལྷའི་རྔ་སྒྲ་ལས[1]།
ཡང་དག་རིགས་པའི་རྡོ་རྗེས་ལོག་ལྟའི་ལྷ་མིན་དཔུང་ཚོགས་ཀུན། །
མ་ལུས་ཕམ་མཛད་ཤེས་བྱའི་མཁའ་ལ་བློ་གྲོས་སྤྲིན་ཕྲེང་གཡོ། །
སྨྲ་བའི་དབང་པོ་བདེ་གཤེགས་གསུང་གི་རི་བོང་འཛིན་པ་ཅན། །
མི་དམན་མཁྱེན་པ་རབ་རྒྱས་པདྨའི་ཡིད་འཕྲོག་ཅིག །
ཅེས་ཆེ་བསྟོད་མཛད་ཡུལ་གྱི་སློབ་དཔོན་པདྨའི་ངང་ཚུལ་ཞབས་ཉིད་དུས་ནམ་ཞིག་ལ་བྱོན་མིན་ནི། སྤྱིར་དུས་རབས་བརྒྱད་པར་བྱོན་པའི་མཁན་ཆེན་ཞི་འཚོའི་ཐུགས་སྲས་ཡིན་པར་མ་ཟད། ལྷག་པར་བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ (742-800) གྱིས་བོད་དུ་གདན་དྲངས་པ་ལྟར། དུས་རབས་བརྒྱད་པའི་ནང་དུ་བྱོན་པ་ཞིག་ཡིན་ལ། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས་[2]ཀྱང་། སློབ་དཔོན་ཀ་མ་ལ་ཤཱི་ལ་ཡང༌། རྒྱལ་པོ་འདིའི་རིང་ལ་བྱོན་པར་མངོན་པས་དེ་ལས་སྔ་ཕྱིར་བྱུང་བར་མི་བསམ་མོ། །རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་ངམ་དྷརྨ་པཱ་ལའི་དུས་ཀྱི་གཏམ་སྟེ་སུམ་ཅུ་པའོ། །ཞེས་རྒྱ་གར་གྱི་རྒྱལ་པོ་དྷརྨ་པཱ་ལ་སྟེ་དཔལ་ལྡན་ཆོས་སྐྱོང་གི་སྐབས་སུ་བྱོན་པར་གསུངས་པ་ལས་རྒྱ་གར་ཆོས་འབྱུང་ནང་སློབ་དཔོན་འདིའི་རྣམ་ཐར་མི་གསལ་ལོ།།

ནང་བསྟན་དཔེ་ཚོགས་ལྟེ་གནས་ལས[3]། ཀ་མ་ལ་ཤཱི་ལ་ཕྱི་ལོ་ ༧༡༣ ལ་འཁྲུངས་ཤིང་། ཕྱི་ལོ་ ༧༦༣ ལོར་ཞི་བར་གཤེགས་པར་གསལ་ལ། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་སློབ་དཔོན་པདྨའི་ངང་ཚུལ་ཞབས་ནི་ཕྱི་ལོ་ ༧༤༠ ལོར་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༧༩༧ ལོར་འདས་པར་བཀོད་པ་གཉིས་ནི་འཁྲུངས་འདས་ལོ་ཚིགས་ཞལ་གསལ་ཤོས་ཤིག་ཡིན།
དེ་བཞིན་ཕ་དམ་པ་སངས་རྒྱས་སམ་རྗེ་དམ་པ་རྒྱ་གར་ནི། དུས་རབས་ ༡༡ ནང་འཁྲུངས་ཤིང་། སློབ་དཔོན་པདྨའི་ངང་ཚུལ་ཞབས་དང་ཕ་དམ་པ་སངས་རྒྱས་སམ་དམ་པ་རྒྱ་གར་བ་རྣམ་གཉིས་གང་ཟག་གཅིག་དང་ཐ་དད་ཀྱི་འདོད་ཚུལ་གཉིས་བྱུང་བའི་དབང་གིས་དུས་ནམ་ཞིག་བྱོན་མིན་ལའང་དེ་མཚུངས་ཀྱི་བཞེད་པ་མི་མཐུན་པ་བྱུང་བ་སྟེ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[4]། མེ་བྱི། ཕྱི་ལོ་ ༡༩༦ སློབ་དཔོན་ཀ་མ་ལ་ཤཱི་ལ་དང་ཕ་དམ་པ་སངས་རྒྱས་གང་ཟག་གཅིག་ཡིན་པར་བཤད་པའི་རྣམ་ཐར་ཞིག་ཏུ་ཕ་དམ་པ་སངས་རྒྱས་ལོ་འདི་ལ་འཁྲུངས། ཞེས་ཕྱི་ལོའི་དུས་རབས་གཉིས་པའི་ནང་བྱོན་པར་གསལ་བ་དང་། ཡང་དེ་ཉིད་ལས[5]། ཤིང་རྟ། ཕྱི་ལོ་ ༡༠༥༤ ཕ་དམ་པ་སངས་རྒྱས་བོད་དུ་ཕེབས། འདིའི་རྗེས་ཙམ་ནས་པཎྜི་ཏ་ནག་པོ་དམ་ཚིག་རྡོ་རྗེ་བོད་དུ་བྱོན་ནས་ནག་ཚོ་ལོ་ཙཱ་བ་དང་རྣམ་གཉིས་ནས་ཆོས་མང་དུ་བསྒྱུར། ཞེས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྩ་ལྟུང་གི་རྣམ་བཤད་ལས་གསུངས་ཞེས་དུས་རབས་བཅུ་གཅིག་པའི་ནང་བྱོན་པར་གསུངས་པས་ཕ་དམ་པ་སངས་རྒྱས་ཀྱང་བྱོན་སྔ་ཕྱིར་ཁྱད་པར་ཤིན་ཏུ་ཆེ་ལ། བསྟན་རྩིས་ཀ་ཕྲེང་ལག་དེབ་ལས[6]། ཕ་དམ་པ། མེ་བྱི་ (ཕྱི་ལོ་ 196) ལོར་འཁྲུངས། (སློབ་དཔོན་ཀ་མ་ལ་ཤཱི་ལ་དང་ཕ་དམ་པ་གང་ཟག་གཅིག་ཏུ་བཤད་པའི་རྣམ་ཐར་ཞིག་ཏུ་ཕ་དམ་པ་ལོ་འདི་ལ་འཁྲུངས་པ་དང༌། དགུང་ལོ་ ༥༨༢ བཞུགས་ཟེར།) རབ་བྱུང་དང་པོའི་ཤིང་རྟ་ (ཕྱི་ལོ་ 1054) ལོར་བོད་དུ་བྱོན། (སུམ་པ་མ་རྩིས།) རབ་བྱུང་དང་པོའི་ཆུ་གླང་ (ཕྱི་ལོ་ 1073) ལོར་རྨ་སྒོམ་ཆོས་ཀྱི་ཤེས་རབ་ཁོང་ལ་མཇལ། རབ་བྱུང་དང་པོའི་ས་ལུག་ (ཕྱི་ལོ་ 1079) ལོར་བོད་དུ་ཕེབས་ནས་རྒྱ་ནག་ཏུ་བྱོན་ཞིང་ལོ་བཅུ་གཉིས་བཞུགས། དེ་རྗེས་དིང་རིར་ཕེབས་ནས་ལོ་ཉེར་གཅིག་ལ་བཞུགས། (དེབ་སྔོན།) རབ་བྱུང༌ ༢ པའི་ལྕགས་ལུག་ (ཕྱི་ལོ་ 1091) ལོར་དིང་རིར་ཕེབས། (དཔལ་སྤྲུལ།) རབ་བྱུང་ ༢ པའི་ཆུ་སྤྲེལ་ (ཕྱི་ལོ་ 1092) ལོར་བོད་དུ་ལན་གཉིས་པ་བྱོན། རབ་བྱུང་ ༢ པའི་ལྕགས་སྦྲུལ་ (ཕྱི་ལོ་ 1101) ལོར་རྒྱ་ཡུལ་དུ་ཕེབས། (སུམ་པ།) རབ་བྱུང་ ༢ པའི་ཆུ་སྦྲུལ་ (ཕྱི་ལོ་ 1113) ལོར་བོད་དུ་བྱོན་པའི་ཐ་མ། འདི་དུས་མཁྱུད་དཔྱད་དཀར་ནག་ཁྲ་གསུམ་ཀློང་ཐང་སྒྲོལ་མར་གཏེར་དུ་སྦས། རབ་བྱུང༌ ༢ པའི་མེ་བྱ་ (ཕྱི་ལོ་ 1117) ལོར་འདས། དགུང་ལོ་ ༥༡༧ བཞུགས་ཟེར། (སུམ་པ།) ཞེས་ཀྱང་བྱུང་ངོ་།།
དེ་བཞིན་འགོས་ལོ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[7]། དུས་མཚུངས་སུ་བསྒྲིགས་པའི་སྐབས་ལས། ཇོ་བོ་རྗེ་གཤེགས་འཕྲལ་ཙམ་ལ་དམ་པ་སངས་རྒྱས་བོད་དུ་བྱོན། ཞེས་དང་། ཡང་དེ་ཉིད་ལས། རྒྱ་གར་ལྷོ་ཕྱོགས་ཙ་ར་སིངྷ་ཞེས་བྱ་བར་སྐུ་འཁྲུངས། ཝི་ཀྲ་མ་ཤཱི་ལའི་མཁན་པོ་དགེ་བའི་ལྷ་ལས་རབ་ཏུ་བྱུང་། བླ་མ་གསེར་གླིང་པ་ལས་སེམས་བསྐྱེད། མཁན་པོ་དགེ་བའི་ལྷ་དང་། བྲམ་ཟེ་ཨཱརྱ་དེ་བ་སོགས་ལ་བསྟེན་ནས་རིག་པའི་གནས་ལྔ་ལ་མཁས་པར་སྦྱངས། ནཱ་རོ་དང་མཻ་ཏྲི་ལ་སོགས་པའི་བླ་མ་ལྔ་བཅུ་རྩ་བཞི་བསྟེན་པ། ཞེས་སོགས་གསུང་ཚུལ་རྣམས་ལ་གཞིགས་ན། ཕ་དམ་པ་དང་ཇོ་བོ་རྗེ་གཉིས་དུས་མཉམ་པར་ངེས་དགོས་པ་ཞིག་ཏུ་སྣང་སྟེ། བླ་མ་གསེར་གླིང་པ་ཇོ་བོ་རྗེའི་བླ་མ་ཡིན་པ་ཐམས་ཅད་བཞེད་དོ།།[8]
དེ་ལྟར་ཕ་དམ་པ་སངས་རྒྱས་ནི། དུས་རབས་བཅུ་གཉིས་པའི་འགོར་བོད་དུ་ཕེབས་མྱོང་བའི་རྒྱ་གར་འཕགས་ཡུལ་གྱི་གྲུབ་ཐོབ་ཆེན་པོ་ཞིག་དང་། གྲུབ་ཆེན་དེ་ཉིད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་སྐུ་གཤེགས་ནས་རིང་པོར་མ་ལོན་པར་བོད་དུ་ཕེབས་ཞེས་གསུངས་ཏེ། ཞི་བྱེད་ཀྱི་གྲུབ་མཐའི་སྲོལ་གཏོད་པ་པོ་དང་། ཁོང་བོད་དུ་ལན་ལྔ་བྱོན་པ་ལས་ལན་གསུམ་པའི་དུས་གཙང་དུ་སྐྱོ་སྟོན་བསོད་ནམས་བླ་མ་དང་། དེས་མ་གཅིག་ལབ་སྒྲོན་སོགས་ལ་གནང་སྟེ་གཅོད་ཀྱི་གདམས་པའི་སྲོལ་ཡང་བཏོད་པར་མཛད། འདི་ནི་རྒྱ་གར་ལྷོ་ཕྱོགས་ཙཱ་ར་སེངྒེའི་བྱེ་བྲག་ཁྲོན་པའི་གླིང་དུ་སྐུ་འཁྲུངས། ཆུང་དུས་ནས་སྒྲ་རིག་པ་སོགས་རིག་གནས་མཐའ་དག་ལ་མཁས་པར་སྦྱངས། ཝི་ཀྲ་མ་ལ་ཤཱི་ལའི་མཁན་པོ་དགེ་བའི་ལྷ་ལས་རབ་ཏུ་བྱུང་། བླ་མ་གསེར་གླིང་པ་ལས་སེམས་བསྐྱེད། བླ་མ་མང་པོ་ལས་དབང་མནོས་པས་སྡོམ་པ་གསུམ་དང་ལྡན། མཚན་ཉིད་དང་སྒྲ་རིག་པའི་བླ་མ་བཅུ་གཅིག །ཕ་རྒྱུད་གཡོ་བ་རླུང་གི་བླ་མ་བཅུ་གཅིག །མ་རྒྱུད་བདེ་བ་ཉམས་ཀྱི་བླ་མ་བཅུ་གཅིག །ཕྱག་རྒྱ་ཆེན་པོ་བརྡའི་བླ་མ་བཅུ་གཅིག །རིག་པ་ངོ་སྤྲོད་ཀྱི་བླ་མ་བཅུ་གཅིག་སྟེ་གྲུབ་ཐོབ་ལྔ་བཅུ་རྩ་བཞི་ལས་གདམས་པ་མཐའ་དག་མནོས། གོང་གི་བླ་མའི་གྲངས་འདྲེན་དུ། ཨིནྡྲ་བྷྭ་ཏི། ཀླུ་སྒྲུབ་སོགས་ཆེས་སྔ་བར་བྱོན་པ་དང་། དུས་ཕྱིས་སུ་བྱོན་པ་ཡང་ཅི་རིགས་ཤིག་བགྲངས་འདུག་པ་དུས་ཐོག་མི་མཉམ་པར་སྣང་བ་ནི། དམ་པ་སྐུ་ཚེ་ཤིན་ཏུ་རིང་བར་བཞུགས་པས་ཡིན་པ་འདྲ་ཞིང་། དམ་པ་མགོན་པོ་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་ཚུལ་རྒྱ་ནག་གི་ལོ་རྒྱུས་འགའ་ཞིག་ནའང་སྣང་བས་བདེན་པ་འདྲ་ཞེས་ལྕང་སྐྱ་རོལ་པའི་རྡོ་རྗེས་གསུངས་པ་ཐུའུ་བཀྭན་གྲུབ་མཐར་གསལ། ལོ་དྲུག་ཅུ་རེ་ལྔའི་ཡུན་ལ་ཡུལ་ཐ་དད་དུ་བསྒོམས་པས། ཡི་དམ་གྱི་ལྷ་བཅུ་གཉིས་སོགས་ཀྱི་ཞལ་གཟིགས། ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་གི་ཞལ་གཟིགས། མིག་སྨན། རྐང་མགྱོགས། རིལ་བུ། ས་འོག །གནོད་སྦྱིན་མོ། རལ་གྲི། མཁའ་སྤྱོད་རྣམས་ཀྱི་དངོས་གྲུབ་གྲུབ། མཆོག་གི་དངོས་གྲུབ་མཐོང་ལམ་ཆེན་པོའི་ཡེ་ཤེས་བརྙེས། ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པའི་གནས་སུ་སྤྱོད་པ་མཛད་ནས་གྲུབ་ཐོབ་ཀྱི་སྙན་པས་མཚན་ཡང་སྣ་ཚོགས་སུ་སྒྲོགས་སོ། །ཞེས་གསལ་བ་ལྟར་མཚན་གྱི་རྣམ་གྲངས་ལ་མཚོན་ནའང་། ཡོངས་གྲགས་ཀྱི་མཚན་གནས་དམ་པ་སངས་རྒྱས་དང་། ཕ་དམ་པ་སངས་རྒྱས། དམ་པ་རྒྱ་གར། དཔལ་མི་ཕམ་མགོན་པོ། ཨ་ཙ་ར་ནག་པོ་གཟི་མདངས་ཅན། དམ་པ་རྒྱ་གར་ནག་ཆུང་། བླ་མ་རྒྱ་གར་ན་གུ་སོགས་མང་དུ་མཆིས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རོང་སྟོན་སྒོམ་རིམ། ༼ཁ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢ན༡
[2] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༧༢
[3] ནང་བསྟན་དཔེ་ཚོགས་ལྟེ་གནས། https://www.tbrc.org/?locale=bo#!rid=P7641
[4] དུང་དཀར་ཚིགས་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༢༧
[5] དུང་དཀར་ཚིགས་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༦༩
[6] བསྟན་རྩིས་ཀ་ཕྲེང་ལག་དེབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༣༢༣
[7] དེབ་ཐེར་སྔོན་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྟོད་ཆ། ༡༩༨༤ ལོ། ཤོག་གྲངས་ ༡༠༠
[8] སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་དབུ་མ་སྣང་བ། ཝཱར་ཎ་མཐོ་སློབ། ༢༠༠༡ ལོ། གླེང་བརྗོད། ཤོག་ ༥༠
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༧ ནས་ ༣༦༡ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།