མ༽ བོད་དུ་རབ་བྱུང་ངུར་སྨྲིག་གི་སྡེ་བཙུགས་ཚུལ།

མ༽ བོད་དུ་རབ་བྱུང་ངུར་སྨྲིག་གི་སྡེ་བཙུགས་ཚུལ།

 

དེ་ཡང་ཆོས་སྤྱོད་ཉེར་མཁོ་ཡན་ལག་ཉི་ཤུ་པ་ཡིད་བཞིན་ནོར་བུའི་ཐེམ་སྐས་ལས[1]།

འཛམ་བུའི་གླིང་དུ་བསྟན་པའི་སྲོག་ཤིང་བཙུགས། །ཁ་བ་ཅན་དུ་ཆོས་ཀྱི་སྒྲོན་མེ་སྤར། །

ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས་གཅིག་པུ། །མཁན་ཆེན་ཞི་བ་འཚོ་ལ་ཕྱག་འཚལ་ལོ། །

ཞེས་བསྔགས་པ་ལྟར་མཁན་ཆེན་ཞི་བ་འཚོས་བོད་གངས་ཅན་གྱི་ལྗོངས་སུ་རབ་བྱུང་ངུར་སྨྲིག་གི་སྡེ་གསར་འཛུགས་བཀའ་དྲིན་བསྐྱངས་པའི་ཚུལ་ནི།

༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ (1617-1682) མཆོག་གིས་མཛད་པའི་གངས་རིའི་ཁྲོད་པ་རྣམས་ལ་བཀའ་དྲིན་མཚུངས་པ་མེད་པའི་མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོ་ལ་བསྟོད་པ་དབྱངས་ཅན་ཕང་འགྲོའི་སྒྲ་དབྱངས་ལས[2]།

སྲིད་པར་ཞེན་པའི་ལ་བ་དཀར་པོའི་ཐུགས། །མྱང་འདས་བསམ་པའི་གུར་ཀུམ་གྱིས་བཙོས་པས། །

རབ་བྱུང་ཁྲིམས་ཀྱི་ངུར་སྨྲིག་བླ་གོས་ཅན། །ཐུན་མཚམས་གཞོན་ནུས་ཁ་བའི་ལྗོངས་ཀུན་ཁེངས། །

ཞེས་གསུངས་པ་ལྟར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་ལང་འགྲོ་སྣང་བཞེར་དང་། གཉེར་སྟག་བཙན་གདོང་གཟིག །སེང་མགོ་ལྷ་ལུང་གཟིགས། མཆིམས་མེ་ལྷ་རྣམས་མངགས་ནས་ལྕགས་ལུག་ཕྱི་ལོ་ ༧༩༡ ལོར་བི་ཀ་མ་ཤཱི་ལའི་གཙུག་ལག་ཁང་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་དགེ་སློང་བཅུ་གཉིས་གངས་ལྗོངས་སུ་སྤྱན་དྲངས་ཏེ། མཁན་ཆེན་ཞི་བ་འཚོས་མཁན་པོ་མཛད་དེ་བོད་ལ་རབ་བྱུང་བཏུབ་མི་བཏུབ་ཉམས་སད་པའི་ཕྱིར་མཁན་ཆེན་ཞི་བ་འཚོས་མཁན་པོ་མཛད་དེ་སད་མི་མི་བདུན་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ། བོད་གངས་ཅན་གྱི་ལྗོངས་སུ་རབ་བྱུང་ངུར་སྨྲིག་གི་སྡེ་གསར་དུ་བཙུགས་ཤིང་། བཙན་པོའི་བཀའ་བཞིན་རྒྱལ་བུ་རྒྱལ་ས་མ་བཟུང་བ་དང་། ལྷ་གཅིག་ཁབ་ཏུ་མ་བཞེས་པ། འབངས་རལ་པ་ཅན་བཞི་བརྒྱ་དུས་གཅིག་ཏུ་རབ་ཏུ་བྱུང་། བཙུན་མོ་མཁར་ཆེན་བཟའ་བཙན་མོ་དང་། བྱང་ཆུབ་བཟའ་བཙན་མོ་གཉིས་ཀྱང་རབ་བྱུང་གི་སྡོམ་པ་བླངས། དེ་ལྟར་དད་པ་ཅན་དང་ཤེས་རབ་ཅན་མང་པོ་རབ་ཏུ་བྱུང་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་བོད་ཁམས་སུ་ཆོས་གྲྭ་ཆེན་པོ་བཅུ་གཉིས་དང༌། བྲག་ཡེར་པ་དང༌། ཆུ་བོ་རི། བསམ་ཡས་མཆིམས་ཕུ་རྣམས་སུ་སྒོམ་གྲྭ་བཙུགས་ཏེ་རབ་བྱུང་ཐམས་ཅད་ལ་འཚོ་བ་བླ་ནས་སྦྱར། མདོ་སྔགས་ཀྱི་ཆོས་ཕལ་མོ་ཆེ་བསྒྱུར་ཅིང་འཆད་ཉན་གྱིས་གཏན་ལ་ཕབ་ཅིང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་ལོ་ཙཱ་བ་ཅོག་རོ་ཀླུ་ཡི་རྒྱལ་མཚན་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས། ངན་ལམ་རྒྱལ་བ་མཆོག་དབྱངས། བྲང་ཏི་ཛ་ཡ་རཀྵི་ཏ། ལྕེ་ཀུ་ཀུ་རཱ་ཛ་ལ་སོགས་པས་མཛད་དེ་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་བསྒྱུར་བ་དང་། མཁས་དང་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་དང་། རབ་ཏུ་བྱུང་བ་མང་དུ་འཕེལ་ཏེ་བོད་གངས་ཅན་གྱི་ཡུལ་ཀུན་མཛེས་པར་བྱས་སོ།།

དེ་བཞིན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1890) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[3]། འཕགས་ཡུལ་ནས་ཐམས་ཅད་ཡོད་སྨྲའི་དགེ་སློང་བཅུ་གཉིས་སྤྱན་དྲངས། སྐབས་ཤིག་བོད་ཀྱི་མི་ལ་རབ་བྱུང་བཏུབ་བམ་མི་བཏུབ་སད་པའི་ཕྱིར། ཞང་བློན་དད་པ་ཅན་རྦ་ཁྲི་གཟིགས་རབ་ཏུ་བྱུང་བར་རྒྱལ་པོས་གསོལ་པས། བོ་དྷི་སཏྭས་མཁན་པོ་མཛད་དེ། དཱ་ན་ཤཱི་ལ་དང་ཛི་ན་མི་ཏྲ་གཉིས་ཀྱིས་ལས་སློབ་དང་གསང་སྟོན། པཎྜི་ཏ་གཞན་བཅུ་པོས་ཁ་སྐོང་མཛད་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་དཔལ་དབྱངས། བཙན་པོས་བསྔགས་པ་རྦ་རཏྣར་ཡང་གྲགས། བསྒོམས་པས་མངོན་ཤེས་ལྔ་དང་ལྡན་པར་གྱུར་ཏོ། །དེ་ནས་རིམ་བཞིན་རྦ་གསལ་སྣང་དང་། པ་གོར་བཻ་རོ་ཙ་ན། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་རིན་ཆེན་མཆོག །འཁོན་ཀླུའི་དབང་པོ། ལ་གསུམ་རྒྱལ་བ་བྱང་ཆུབ་རྣམས་རབ་ཏུ་བྱུང་ཞིང་མིང་ཡེ་ཤེས་དབང་པོ་སོགས་སུ་སྤོས་བསྙེན་པར་རྫོགས། དེ་བདུན་ལ་སད་མི་བདུན་དུ་གྲགས་ཤིང་བོད་ཀྱི་རབ་བྱུང་རྣམས་ཀྱི་ཐོག་མ་ཡིན། ཞེས་དང་། ཞེ་ཆེན་རྒྱལ་ཚབ་ (1871-1926) ཆོས་འབྱུང་ལས་[4]ཀྱང་དེ་མཚུངས་སུ་གསལ་ལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གངས་རིའི་ཁྲོད་འདིར་མཁན་ཆེན་ཞི་བ་འཚོའི་མཁན་རྒྱུད་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་འདི་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་ཞིག་བྱུང་བ་ན་ཅི་མ་རུང་སྙམ་དུ་འདིའི་མཁན་རྒྱུད་རྣམས་བསམ་ཡས་ཀྱི་གྱང་རིས་ལའང་འགོད་པ་མཛད་དོ།།

སད་མི་བདུན་དུས་ནམ་ཞིག་རབ་ཏུ་བྱུང་ངམ་ཞེ་ན། དུང་དཀར་ (1927-1997) ཚིག་མཛོད་ཆེན་མོའི་ལོ་ཚིགས་དྭངས་ཤེལ་མེ་ལོང་ལས[5]། ཤིང་ཡོས། ཕྱི་ལོ་ ༨༣༥ དེབ་སྔོན་ལས་བཀའ་བརྒྱུད་པའི་ལེ་ཚན་ནང་ལྟར་ན། ལོ་འདིར་སད་མི་མི་བདུན་རབ་ཏུ་བྱུང་། དེ་ནས་ལོ་རེ་བདུན་ལ་དར་མས་བསྟན་པ་བསྣུབས་པར་གསུངས། ཞེས་གསལ་ལ། ཡང་དེ་ཉིད་ལས[6]། མེ་ལུག་ཕྱི་ལོ་ ༨༢༧ སད་མི་མི་བདུན་མཁན་ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང་ཞེས་ལྔ་པའི་དེབ་ཐེར་དང་། དེས་མཛད་པའི་འདུལ་བའི་ལས་ཆོག །སུམ་པའི་ཆོས་འབྱུང་བཅས་སུ་གསལ། ཞེས་གསུངས་པ་ལྟར་རོ།།

དེ་ལ་དཔའ་བོ་གཙུག་ལག་ཕྲེང་བ་དང་། བུ་སྟོན་ཆོས་འབྱུང་། པཎ་ཆེན་བསོད་ནམས་གྲགས་པ་སོགས་ཀྱིས་སད་མི་བདུན་རབ་ཏུ་བྱུང་བའི་དུས་ཚིགས་ནི་ཕྱི་ལོ་ ༨༡༥ ལོར་ཡིན་པར་གསུངས་ལ། ཡང་དཔའ་བོ་གཙུག་ལག་ཕྲེང་བས་  (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[7]། ཡིག་ཚང་མང་པོ་ཞིག་ན་མེ་ཡོས་ལ་རྨང་བཏིང་ནས་ས་ཡོས་ཀྱིས་ཚར་ཞེས་པ་འདུག་ཀྱང་། མེ་ཡོས་ནས་ལོ་བཞི་ལོན་པ་ལྕགས་རྟ་ (731) ལ་ཁྲི་སྲོང་འཁྲུངས་པའི་ཕྱིར་དགུང་ལོ་ཉེར་གཉིས་བཞེས་པ་ལྕགས་ཡོས་ (751) ལ་རྨང་བཏིང་ཉེར་དྲུག་པ་ཤིང་ལུག་ (755) ལ་སད་མི་རྣམས་རབ་ཏུ་ཕྱུང་། སོ་བཞི་པ་ཆུ་ཡོས་ (763) ཀྱིས་བསམ་ཡས་ཚར་བ་འདི་ངེས་པར་སྣང་ངོ་། །ཞེས་གསུངས་པ་ལྟར་བཞེད་པ་མི་མཐུན་པ་ཤིན་ཏུ་མང་བས་ཟུར་དུ་དཔྱད་པར་འདོད་དོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  སྒྲུབ་ཐབས་ཀུན་བཏུས། པོད། ༼ཐ༽ ཤིང་པར་། དཔེ་རིང་། ཤོག་གྲངས་ ༡༠༠ན༤

[2]  ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼བ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༡༨༩

[3]  ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༢༠

[4]  ཞེ་ཆེན་རྒྱལ་ཚབ་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༤༠

[5]  དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༥༧

[6]  དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༥༧

[7]  ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༣༥༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༦༥ ནས་ ༢༦༨ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *