ག༽ བསྒྱུར་ཞུས་གཏན་འབེབས་མཛད་པ་པོ།
སློབ་དཔོན་ཨཱརྱ་དེ་ཝའི་གསུང་བཟང་རྣམས་འཕགས་བོད་ཀྱི་སྐད་གཉིས་སྨྲ་བའི་སྒྱུར་བྱེད་ལོ་ཙཱ་བ་གང་དག་གིས་དུས་རབས་ནམ་ཞིག་ཏུ་བོད་གངས་ཅན་གྱི་སྐད་ཡིག་ཏུ་བསྒྱུར་རམ་སྙམ་ན། ལེགས་བཤད་བསྟན་བཅོས་རྣམས་དུས་རབས་བཅུ་གཅིག་པ་སོགས་ཀྱི་ནང་བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་སོགས་ཀྱིས་རིམ་བཞིན་བསྒྱུར་བ་སྟེ།
ཀ༽ རྒྱ་གར་གྱི་པཎྜི་ཏ་དང་མཁན་པོ་ནི། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང༌། པཎྜི་ཏ་སྨྲིཏི་ཛྙཱ་ན་ཀཱིརྟི། པཎྜི་ཏ་ས་མ་ཡ་ཤྲཱི་ཛྙཱ་ན། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ། ཨཱ་ཙཱརྱ་ཛྙཱ་ན་ཀ་ར། པཎྜི་ཏ་ཆེན་པོ་མ་ཧཱ་ཀཱ་རུ་ཎ། རྒྱ་གར་གྱི་མཁན་པོ་རྡོ་རྗེ་གདན་པ། རྒྱ་གར་གྱི་མཁན་པོ་སཱུཀྵྨཱ་ཛ་ན། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ། རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ། པཎྜི་ཏ་ཆེན་པོ་མི་ཕམ་མགོན་པོ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། རྒྱ་གར་གྱི་མཁན་པོ་ཀྲིཥཎ་པ་བཅས་རྒྱ་གར་འཕགས་ཡུལ་གྱི་པཎྜི་ཏ་དང་། མཁན་པོ། སློབ་དཔོན་བཅས་ཞལ་གྲངས་ ༡༢ ཡོད།
ཁ༽ བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ནི། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། ལོ་ཙཱ་བ་འགོས་ཁུག་པ་ལྷས་བཙས། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། ཙཱ་བ་ཆེན་པོ་རྨ་བན་ཆོས་འབར། ལོ་ཙཱ་བ་བ་རི་རིན་ཆེན་གྲགས། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས། ལོ་ཙཱ་བ་དགེ་སློང་དཔལ་འབྱོར་སྙིང་པོ། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ། ལོ་ཙཱ་བ་དགེ་སློང་ཆོས་སྨྲ་བ་བསོད་ནམས་རྣམ་པར་རྒྱལ་བ་དབང་པོའི་སྡེ། ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས། འབྲོག་མི་ལོ་ཙཱ་བ་ཤཱཀྱ་བློ་གྲོས་བཅས་ལོ་ཙཱ་བ་དང་ཞུས་ཆེན་པ་ཞལ་གྲངས་ ༡༢ བཅས་ཀྱིས་བསྒྱུར་ཞུས་གཏན་ལ་ཕབ་པ་བཅས་འགྱུར་བྱང་གསལ་བའི་ཆོས་ཚན་ ༢༧ དང་། དེ་འཕྲོས་འགྱུར་བྱང་མ་འཁོད་པའི་ཆོས་ཚན་ ༦ དང་། རྒྱ་གར་སྐད་གསལ་བའི་ཆོས་ཚན་གྲངས་ ༢༨ དང་། རྒྱ་གར་སྐད་མི་གསལ་བའི་ཆོས་ཚན་གྲངས་ ༥ ཡོད་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༢༣ ནས་ ༤༢༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།