ཁ༽ སློབ་དཔོན་ཕྱོགས་ཀྱི་གླང་པོའི་གསུང་གི་མཚན་བྱང་།
དེ་ལྟར་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་བསྟན་བཅོས་ལ་མཚོན་ན། བསྟན་འགྱུར་གྱི་བསྟོད་ཚོགས་དང་། རྒྱུད། ཤེར་ཕྱིན། མདོ་སྡེ། སེམས་ཙམ། མངོན་པ། ཚད་མ་བཅས་སྡེ་ཚན་བདུན་ནང་ཆོས་ཚན་ ༡༩ བཞུགས་པ་ལས། དང་པོ་བསྟོད་ཚོགས་ཀྱི་སྐོར་ལ་བཞི་སྟེ། ༡ སྤེལ་མར་བསྟོད་པ་དང་། ༢ ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་པ། ༣ ཡོན་ཏན་མཐའ་ཡས་པར་བསྟོད་པའི་དོན་གྱི་ཚིག་ལེའུར་བྱས་པ། ༤ ཨེ་ཀ་ནཱ་ཐའི་དོན་འགྲེལ་བཅས་སོ།།
གཉིས་པ་རྒྱུད་ཀྱི་སྐོར་ལ་གསུམ་སྟེ། ༡ གྲུབ་ཐོབ་ལྔ་བཅུའི་རྟོགས་པ་བརྗོད་པ་ཐིག་ལེ་འོད་ཀྱི་ཕྲེང་བ་དང་། ༢ དཔལ་ཨུ་རྒྱན་དུ་ཚོགས་འཁོར་བྱས་པའི་དུས་སུ་རྣལ་འབྱོར་པ་གྲུབ་པ་ཐོབ་པ་བཞི་བཅུས་རྡོ་རྗེའི་མགུར་བཞེངས་པ་ཉམས་ཀྱི་མན་ངག་ཐིག་ལེ་གསེར་གྱི་ཕྲེང་བ། ༣ འཕགས་པ་འཇམ་པའི་དབྱངས་ཀྱི་བསྟོད་པ། གསུམ་པ་ཤེར་ཕྱིན་གྱི་སྐོར་ལ་གཅིག་སྟེ། ༡ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པའི་ཚིག་ལེའུར་བྱས་པ། བཞི་པ་མདོ་སྡེའི་སྐོར་ལ་གཅིག་སྟེ། ༡ འཕགས་པ་ཀུན་ཏུ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་བཤད་པ། ལྔ་པ་སེམས་ཙམ་སྐོར་ལ་གཅིག་སྟེ། ༡ རྣལ་འབྱོར་ལ་འཇུག་པ། དྲུག་པ་མངོན་པའི་སྐོར་གཅིག་སྟེ། ༡ ཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་གནད་ཀྱི་སྒྲོན་མ་བཅས་སོ།།
བདུན་པ་ཚད་མའི་སྐོར་ལ་བརྒྱད་ཡོད་པ་ནི། ༡ ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་དང་། ༢ ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ། ༣ དམིགས་པ་བརྟག་པ། ༤ དམིགས་པ་བརྟག་པའི་འགྲེལ་པ། ༥ དུས་གསུམ་བརྟག་པ། ༦ ཚད་མ་རིགས་པར་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ། ༧ ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ། ༨ གཏན་ཚིགས་ཀྱི་འཁོར་ལོ་གཏན་ལ་དབབ་པ་བཅས་ཆོས་ཚན་ ༡༩ བཞུགས་སོ།།
བསྟན་བཅོས་དེ་དག་ཀྱང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[1]། འདི་དག་ལས་རེ་གཉིས་མ་གཏོགས་མང་ཆེ་བ་དུས་རབས་བཅུ་གཅིག་པའི་དཀྱིལ་དུ་ལོ་ཙཱ་བ་དགེ་བའི་བློ་གྲོས་སོགས་ཀྱིས་བོད་སྐད་དུ་བསྒྱུར་བ་ཡིན། ཞེས་གསུངས་ལ། དེ་དག་ལས་གྲུབ་ཐོབ་ལྔ་བཅུའི་རྟོགས་པ་བརྗོད་པ་ཐིག་ལེ་འོད་ཀྱི་ཕྲེང་བ་དང་། དཔལ་ཨུ་རྒྱན་དུ་ཚོགས་འཁོར་བྱས་པའི་དུས་སུ་རྣལ་འབྱོར་པ་གྲུབ་པ་ཐོབ་པ་བཞི་བཅུས་རྡོ་རྗེའི་མགུར་བཞེངས་པ་ཉམས་ཀྱི་མན་ངག་ཐིག་ལེ་གསེར་གྱི་ཕྲེང་བ་ཞེས་པ་གཉིས་པོ་གཞན་ནས་ཟུར་དུ་ཕྱུང་བ་ཞིག་དང་། གཞུང་ཚད་ལ་ཚིགས་བཅད་རེ་རེ་ལས་མེད་ཀྱང་ཆོས་ཚན་སོ་སོར་བགྲངས་ལ། ཚད་མ་ཀུན་བཏུས་རྩ་འགྲེལ་ལ་འགྱུར་མི་འདྲ་བ་གཉིས་རེ་བཞུགས་ཀྱང་ཆོས་ཚན་རེ་རེར་བརྩིས་པའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིགས་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༣༥༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༧༥ ནས་ ༣༧༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།