པ༽ བཀའ་བསྟན་སྒྱུར་མཁན་གྱི་བོད་ཀྱི་ལོ་ཙཱ་བ་ཇི་ཙམ་བྱོན་པ། གཅིག །བཀའ་ཐང་སྡེ་ལྔར་གསལ་བའི་ལོ་པཎ།

པ༽ བཀའ་བསྟན་སྒྱུར་མཁན་གྱི་བོད་ཀྱི་ལོ་ཙཱ་བ་ཇི་ཙམ་བྱོན་པ།

གཅིག །བཀའ་ཐང་སྡེ་ལྔར་གསལ་བའི་ལོ་པཎ།

 

དེ་ཡང་བོད་ཀྱི་ལོ་ཙཱ་བའི་སྐོར་གྱི་གལ་ཆེའི་དཔྱད་གཞིའི་ཡིག་ཆར་མཚོན་ན། བཀའ་ཐང་སྡེ་ལྔ་དང་། ཉང་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བུ་སྟོན་ཆོས་འབྱུང༌། ཀློང་ཆེན་ཆོས་འབྱུང༌། ཆོས་འབྱུང་མཁས་པའི་དགའ་སྟོན། སྡེ་དགེ་བསྟན་འགྱུར་དཀར་ཆག །སུམ་པ་ཆོས་འབྱུང་དཔག་བསམ་ལྗོན་བཟང་། བོད་སིལ་བུའི་བྱུང་བ་བརྗོད་པ། དུང་དཀར་ཚིག་མཛོད་ཆེན་མོ་བཅས་ཡིན་ལ།

དེ་མིན་ཉེ་དུས་བརྩམས་པའི་བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་དང༌། སྐད་གཉིས་སྨྲ་བའི་རིན་ཆེན་བང་མཛོད། གངས་ལྗོངས་ལོ་ཙཱ་བ་དང་འཕགས་ཡུལ་པཎྜི་ཏའི་རྣམ་ཐར། དུས་རབས་རིམ་བྱོན་གྱི་ལོ་པཎ་དང་འགྱུར་བྱང་ཞིབ་འཇུག་བཅས་ལས། བསྟན་པ་སྔ་དར་སྐབས་ལོ་པཎ་ཇི་ཙམ་བྱོན་མིན་སྐོར་རྒྱས་བསྡུས་དང་འཐུས་སྒོ་ཚང་མིན་ཙམ་ལས། སྔོན་བྱུང་དེབ་ཐེར་ཕལ་མོ་ཆེར་གསལ་ཞིང་། ཡང་སྒོས་དུས་རབས་བདུན་པར་ལོ་ཙཱ་བ་ལ་སྔ་བ། ཐོན་མི་སཾ་བྷོ་ཊ་དང་། དྷ་རྨ་ཀོ་ཥ། ལྷ་ལུང་རྡོ་རྗེ་དཔལ། བྲན་ཀ་མུ་ལ་ཀོ་ཥ་བཅས་བྱོན་ཡོད་ལ། ལྷག་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཐོག་མར་གསོ་སྐྱོང་གནང་བའི་ལོ་ཙཱ་བ་ ༡༠༨ ཡོད་པ་སྟེ། དེ་ཡང་ལོ་པཎ་བཀའི་ཐང་ཡིག་[1]ལས། རྟ་ལོ་སྟག་གི་ཟླ་བའི་བཅོ་ལྔའི་ཉིན༔ ཨུ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཉིད༔ བསམ་ཡས་ཡོ་འབོག་ལྕང་མའི་ཁྲི་ལ་བཞུགས༔ གཡས་གྲལ་རྒྱ་གར་པཎ་ཆེན་བརྒྱ་རྩ་བརྒྱད༔ གཡོན་གྲལ་བོད་ཀྱི་ལོ་ཙཱ་བརྒྱ་རྩ་བརྒྱད༔ མདུན་གྲལ་རྒྱལ་བློན་བཙུན་མོ་འཁོར་བཅས་བཞུགས༔ ཞེས་དང་། ཡང་དེ་ཉིད་ལས[2]། ལོ་པཎ་ཆེན་པོ་བརྒྱ་དང་རྩ་བརྒྱད་ཀྱིས༔ མདོ་སྔགས་བསྟན་བཅོས་མང་པོ་བོད་དུ་བསྒྱུར༔ ཐུབ་བསྟན་འཆད་གྲྭ་སྒྲུབ་བརྒྱུད་བསྟན་པ་བཙུགས༔ ཞེས་གསུངས་པ་ལྟར། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་གར་པཎ་ཆེན་ ༡༠༨ བོད་གངས་ཅན་གྱི་ཞིང་དུ་གདན་དྲངས་པ་དང་། བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ ༡༠༨ ཀྱང་གསོ་སྐྱོང་མཛད་པར་གསུངས་པའི་ལོ་པཎ་བརྒྱ་རྩ་བརྒྱད་པོ་རྣམས་གང་དག་ཡིན་པ་ནི། སློབ་དཔོན་པདྨས་མཛད་ཅིང་ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་ (1323-?) པདྨ་བཀའ་ཐང་ལས[3]།

དེ་ནས་གདུང་རབས་ལྔ་ནས་ནི༔ འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་བྱོན༔

རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བྲག་དམར་དཔལ་གྱི་བསམ་ཡས་བཞེངས༔

སཾ་སྐྲི་ཏ་ཡི་པཎྜི་ཏ༔ བཟང་ལ་མང་བ་སྤྱན་དྲངས་པ༔ དེ་དག་ཀུན་གྱི་མཚན་སྨོས་ན༔ པཎྜི་ཏ་བོ་དྷི་སཏྭ༔ པཎྜི་ཏ་པདྨ་སཾ་བྷཱ་ཝ༔ པཎྜི་ཏ་བི་མཱ་ལ་མི་ཏྲ༔ པཎྜི་ཏ་དྷ་རྨ་ཁོག༔ པཎྜི་ཏ་དེ་བ་མ་ཏི༔ པཎྜི་ཏ་ཕྱོགས་ཀྱི་གླང་པོ༔ པཎྜི་ཏ་ཏ་ཐཱ་ག་ཏ༔ པཎྜི་ཏ་ཏ་ཐཱ་ག་ཏ་སཾ་ཀྲིཏ༔ པཎྜི་ཏ་བུདྡྷ་གུཔྟ༔ པཎྜི་ཏ་ཀུན་ལ་འགྲེའོ༔ པཎྜི་ཏ་ཧཱུྃ་ཀཱ་ར༔ པཎྜི་ཏ་ཤཱནྟི་ཀ་ར༔ པཎྜི་ཏ་བལ་པོ་དུ་ཧ་ར༔ པཎྜི་ཏ་དྷརྨོཏྟཱར༔ པཎྜི་ཏ་རྒྱ་ནག་ཧྭ་ཤང་མ་ཧཱ་ཡཱ་ན༔ པཎྜི་ཏ་སིང་གྷ་ལ་ཀླུའི་དབང་པོ༔ པཎྜི་ཏ་པྲ་བརྟ༔ པཎྜི་ཏ་ཤི་ལ་པྲ་བོ་དྷི༔ པཎྜི་ཏ་ཛི་ན་མི་ཏྲ༔ པཎྜི་ཏ་ཤྲཱི་བ་ལེ༔ པཎྜི་ཏ་ཛྷ་ན་སུ་ཏྲ༔ པཎྜི་ཏ་ཨ་ནན་ཏ༔ པཎྜི་ཏ་པྲཛྙཱ་བྷ་ར་ཏ༔ པཎྜི་ཏ་ཀ་ལ་ག་ལ་བྷ༔ པཎྜི་ཏ་གུ་ཧྱ་བུདྡྷ༔ པཎྜི་ཏ་ཨཱརྱ་དེ་བ༔ པཎྜི་ཏ་ཀ་མཱ་ལ་ཤཱི་ལ༔ པཎྜི་ཏ་དྷརྨ་གཱི་ཏི༔ པཎྜི་ཏ་ཤནྟ་དེ་བ༔ པཎྜི་ཏ་ཤི་བ་ལ་དྷ་ར༔ པཎྜི་ཏ་ཙནྡྲ་མ་ཎི༔ པཎྜི་ཏ་ཨ་བནྟ༔ པཎྜི་ཏ་ཤྲཱི་ལ་མཉྫུ༔ པཎྜི་ཏ་བུདྡྷ་ཀིརྟི༔ པཎྜི་ཏ་དྷརྨཱ་ཤི་ལ༔ པཎྜི་ཏ་རཀྵི་ཏ༔ པཎྜི་ཏ་བི་ནནྟ༔ པཎྜི་ཏ་ལི་གཞོན་ནུ༔ པཎྜི་ཏ་པྲཛྙཱ་ཀཱི་ཏི༔ པཎྜི་ཏ་ཁ་ཆེ་རབ་སྣང་༔ པཎྜི་ཏ་བ་སུ་དྷ་ར༔ པཎྜི་ཏ་ཤྲཱི་སིང་ཧ༔ པཎྜི་ཏ་པྲ་བྷ་ཧ་སྟེ༔ པཎྜི་ཏ་རོང་བུ་གུ་ཧྱ༔ པཎྜི་ཏ་ཁ་ཆེ་ཤུ་ལ་ཤྲཱི༔ པཎྜི་ཏ་བལ་པོ་ཧཱུྃ་བྱང་ཆུབ༔ པཎྜི་ཏ་སམཱནྟ་ཤྲཱི༔ པཎྜི་ཏ་ཤཱཀྱ་ཤྲཱི༔ པཎྜི་ཏ་དཱ་ན་ཤཱི་ལ༔ པཎྜི་ཏ་བལ་པོ་ཤྲཱི་ལ་མཉྫུ༔ པཎྜི་ཏ་བལ་པོ་ལི་ཀ་ཐུན་ཙེ༔ པཎྜི་ཏ་བལ་པོ་ཏི་ལ་ཀ༔ པཎྜི་ཏ་རྒྱ་ནག་ཏུ་ཧ་ར་ནག་པོ༔ པཎྜི་ཏ་རྒྱ་ནག་མ་ཧཱ་སཱུ་ཏྲ༔ པཎྜི་ཏ་རྒྱ་ནག་མ་ཧཱ་རཱ་ཛ༔ པཎྜི་ཏ་རྒྱ་ནག་མ་ཧཱ་དེ་བ༔ པཎྜི་ཏ་རྒྱ་གར་ཙནྡྲ་ཀཱིརྟི༔ པཎྜི་ཏ་ཅ་ཀྲ་ཀཱིརྟི༔ པཎྜི་ཏ་གསལ་བ་རཱ་ཛ༔ པཎྜི་ཏ་མི་ཏྲ་ཛོ་ཀི༔ པཎྜི་ཏ་སུ་རེནྡྲ་བོ་དྷི༔ པཎྜི་ཏ་མཉྫུ་ཤྲཱི༔ པཎྜི་ཏ་བྷ་ར་ཧི་ཏ་ཧ་བུ༔ པཎྜི་ཏ་ཤཱཀྱ་པྲབྷཱ༔ པཎྜི་ཏ་བཛྲ་ཀཱིརྟི༔ པཎྜི་ཏ་གུ་ཎ་ཙནྡྲ༔ པཎྜི་ཏ་ཆོས་མཆོག༔ པཎྜི་ཏ་ལྷ་བློ་གྲོས༔ པཎྜི་ཏ་ལ་ལི་ཏ་བཛྲ༔ པཎྜི་ཏ་ཤཱནྟ་ཛྙཱ་ན༔ པཎྜི་ཏ་བྷ་ལེན་སུ་བྷེར༔ པཎྜི་ཏ་པྲ་ཏ་གརྦྷ༔ པཎྜི་ཏ་ཤྲཱི་ཛྙཱ་ན་གརྦྷ༔ པཎྜི་ཏ་གྷ་གྷ་ཙི་ཏ༔ པཎྜི་ཏ་ཨཱ་ཀཱ་ཤ་ཙི་ཏ༔ (འདི་ཡན་རྒྱ་གར་དང་ཁ་ཆེ་བལ་ཡུལ་གསུམ་གྱི་པཎྜི་ཏ་ཞལ་གྲངས་ ༧༦ གི་མཚན་གསལ་ལོ།།)

འཇམ་དབྱངས་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས༔ མདོ་སྡེ་ཟབ་མོའི་ཚིག་དང་དོན་མཇལ་ནས༔ མི་རྣམས་ལ་ཕན་གདགས་པའི་སླད་དུ༔ མདོ་སྡེའི་དོན་རྣམས་བསྡུས་ཏེ༔ ཞུས་པའི་ལེའུ་བརྒྱད་ཅུ་རྩ་བརྒྱད་པ༔ མདོ་ཚན་བརྒྱད་ཅུའི་ལུང་༔ རྣལ་འབྱོར་ཆེན་པོ་སྒོམ་པའི་ལུང་༔ ལེའུ་བརྒྱད་ཅུ་རྩ་བརྒྱད་བམ་པོ་སོ་བཞི་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ་གསུངས༔  ལོ་ཙཱའི་མཆོག་གྱུར་བཻ་རོ་ཙ་ན༔ མཐུ་ཆེ་བ་ནམ་མཁའི་སྙིང་པོ༔ བཙུན་པའི་རབ་རྒྱལ་བ་མཆོག་དབྱངས༔ སྦ་མི་ཡེ་ཤེས་དབང་པོ༔ བོད་དུ་རབ་བྱུང་བ་ལ་སྔ་བ་སྦ་ཁྲི་བཞེར་སང་ཤི་རཏྣ༔ ཆོས་ཐོས་ཆེ་བ་རྒྱལ་བ་བྱང་ཆུབ༔ སད་མི་མི་བདུན་བོད་ལ་དྲིན་ཆེའོ༔ (ཁྲི་བཞེར་དང་། སང་ཤི་རཏྣ་གཉིས་ཐ་དད་དུ་བརྩི་དགོས།)

ལོ་ཙཱ་ཆེ་འབྲིང་ཆུང་དང་གསུམ༔ མདོ་རྒྱུད་བསྟན་བཅོས་མང་བསྒྱུར་བ༔

དར་གྱི་གབ་ཙེའི་ཁྲིར་བཞུགས་པ༔ ལོ་ཙཱ་མཁས་པ་བརྒྱ་རྩ་བརྒྱད༔

སཾ་ཀྲི་ཏ་ལྷའི་སྐད༔ བཻ་ཤ་འདྲེའི་སྐད༔ ཨ་བ་བྷ་ཏི་གནོད་སྦྱིན་གྱི་སྐད༔ ནཱ་ག་ར་ཀླུའི་སྐད༔ འབའ་དུ་ལ་མིའི་སྐད༔ ཁ་དྷོ་ལ་སྲིན་པོའི་སྐད༔ ཨ་ཧ་ར་ཨུ་རྒྱན་གྱི་སྐད༔ བྷྱེ་ཀ་ར་མི་མ་ཡིན་གྱི་སྐད༔ པྲ་ཏི་ཤ་ཤ་ཟའི་སྐད༔ ཀ་ལིང་ཀའི་སྐད༔ པ་ལི་ཏྲི་ཏའི་སྐད༔ ན་ག་སི་དྷིའི་སྐད༔ ཁང་བུ་གླིང་གི་སྐད༔ ཟངས་གླིང་གི་སྐད༔ ཀ་མཱ་ལ་རུ་པའི་སྐད༔ ཝཱ་རཱ་ཎ་སཱིའི་སྐད༔ མ་ག་དྷའི་སྐད༔ ནཱ་ལནྡའི་སྐད༔ བེ་ཏའི་སྐད༔ སིངྒ་ལའི་སྐད༔ མ་རུ་ཙེའི་སྐད༔ ཟ་ཧོར་གྱི་སྐད༔ ཤཾ་བྷ་ལའི་སྐད༔ ཁ་ཆེའི་སྐད༔ བྲུ་ཤའི་སྐད༔ རྒྱ་གར་གྱི་སྐད༔ རྒྱ་ནག་གི་སྐད༔ བལ་པོའི་སྐད༔ ལིའི་སྐད༔ སྲིན་པོའི་སྐད༔ དེ་ལ་སོགས་པ་སྐད་རིགས་ཐམས་ཅད་བོད་དུ་བསྒྱུར་ཤེས་པ༔ (སྐད་རིགས་ ༣༠ ཐམ་པའི་མིང་གསལ་ལ་འདི་དག་ལས་བཀའ་བསྟན་བོད་སྐད་དུ་བསྒྱུར་བར་གྲགས།)

འཁོན་ཀླུའི་དབང་པོ༔ གཉགས་ཛྙཱ་ན་ཀུ་མཱ་ར༔ ཤུད་བུ་ཁོང་ལེན༔ ཞང་སེ་བཙན༔ ཡར་ལྷ་དུ༔ ལེགས་སྦྱིན་ཉི་མ༔ ཡོན་ཏན་སྙིང་པོ༔ ལྡན་མ་རྩེ་མང་༔ སྦས་ཐིར་ལེན༔ ཀྱི་ལོ་ཙཱ་བ༔ ཀག་ལོ་ཙཱ་བ༔ གྱུར་མོ་ལོ་ཙཱ་བ༔ བཤལ་ལོ་ཙཱ་བ༔ མོན་མོ་ལོ་ཙཱ་བ༔ ཁྱུང་པོ་ལོ་ཙཱ་བ༔ ཆོས་རུང་གཞུའོ༔ ཤེས་རབ་འབྱུང་གནས༔ ཤིང་སུམ་ལོ་ཙཱ་བ༔ ས་ནག་ལོ་ཙཱ་བ༔ ཆོས་ཀྱི་ཤེས་རབ༔ སྒོམ་ནག་ལོ་ཙཱ་བ༔ བཞད་པ་རྡོ་རྗེ༔ མངའ་རིས་རིན་ཆེན་བཟང་པོ༔ བྲན་ཀ་མུན་ཏི༔ མྱང་ཤ་མི་གོ་ཆ༔ ཨ་བན་ཏ་ར༔ ཁམས་པ་གོ་ཆ༔ གཉལ་ལོ་ཙཱ་བ༔ འབྲེ་རྒྱལ་བ་བློ་གྲོས༔ ཨཱ་ཙརྱ་ཡེ་ཤེས་ས་ལེ༔ གླང་དཔལ་གྱི་སེང་གེ༔ རུ་ཡོང་བི་ར་ཙ༔ གྲུ་གུ་ཨོ་བཀྵ༔ ལང་འགྲོ་དཀོན་མཆོག་འབྱུང་གནས༔ གཡུ་སྒྲ་སྙིང་པོ༔ གཉན་ཆེན་དཔལ་དབྱངས༔ དྲན་པ་ནམ་མཁའ༔ ཁུ་བྱུང་འོད༔ མོན་བུ་རྒྱལ་བྱང༔ བྱི་ཤ་མི་ཏྲ༔ ཁྱུང་པོ་དབྱིག་སོད༔ གནུབས་སངས་རྒྱས་ཡེ་ཤེས༔ ཨུ་རྒྱན་གླང་ཆེན༔ སོ་ཡེ་ཤེས་དབང་པོ༔ དན་ཡེ་ཤེས་མཆོག༔ ཏོང་ཨཱརྱ་པྲ་ཛྙཱ༔ སྦ་གསལ་སྣང༔ སྦ་དཔལ་དབྱངས༔ སྦ་ཡེ་ཤེས་དབང་པོ༔ སྦ་འཇམ་དབྱངས༔ ལྷ་ལུང་དཔལ་གྱི་རྡོ་རྗེ༔ འོད་རྒྱལ་ཁ་སྤུན༔ རྨ་ཤཱཀྱ༔ ཁམས་པ་ལོ་ཙཱ༔ མགར་ཤཱཀ་འོད༔ སོག་པོ་དཔལ་གྱི་ཡེ་ཤེས༔ ཨཱ་ཙརྱ་ཡེ་ཤེས་དབྱངས༔ ཨཱ་ཙརྱ་གསལ་མཆོག་དབྱངས༔ འགོས་སྤུ་འབྱིན༔ ཀི་ལི་འབྱུང་གནས༔ ཞན་ལོ་ཙཱ་བ༔ འོ་བྲན་དབང་ཕྱུག༔ ཤ་མེ་བཀོལ༔ ལྷ་ལུང་ཡུལ་ཀོང༔ མེ་ཏོག་བྱང་འབར༔ ཞང་ཛྙཱ་ན་ཤེས་རབ༔ ཡར་ཤེས་བརྩེགས༔ སྣ་ནམ་རྡོ་རྗེ་བདུད་འཇོམས༔ སྣ་ནམ་ཞང་ཡེ་ཤེས་རྡོ་རྗེ༔ ཨཱ་ཙརྱ་དྷ་རྨཱ་ཤི་ལ༔ རཀྵི་ཏ༔ དེ་ཝ་སཾ་བྷ་ཝ༔ ཞང་ཤཱཀྱ་པྲ་བྷ་ཝ༔ བྱམས་པ་དཔལ་བཟང་པོ༔ ཞང་པ་ཚབ་ཉི་མ་གྲགས༔ རྨོག་ལྕོག་པ༔ འཛིམ་ལོ་ཙཱ་བ༔ དེ་པ་བྱང་སྙིང༔ གྲ་པ་གྲུམ་གུ༔ གཙང་ལ་རིང་མོ༔ མལ་ཞོ་ལོ་ཙཱ་བ༔ རྒྱ་བརྩོན་འགྲུས་སེང་གེ༔ ལ་བྱི་ཡེ་ཤེས་བརྩེགས༔ སྐྱོ་ཆོས་སྐུ་རྡོ་རྗེ༔ ཅོག་རོ་ཀླུའི་རྒྱལ་མཚན༔ སྐ་བ་དཔལ་བརྩེགས༔ ཆོས་ཀྱི་ལྷུན་པོ༔ ཁ་ལྟུང་ཀློང་༔ གཙང་ལེགས་གྲུབ༔ ཡོན་ཏན་མཚོ༔ (འདི་ཡན་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཞལ་གྲངས་ ༩༠ ཐམ་པའི་མཚན་བྱང་གསལ་ལོ།།)

བསམ་གཏན་མཁན་པོ་རིམ་གྱིས་པ༔ རྩེ་མེན༔ ཅིག་ཅར་བ༔ སྟོན་མུན༔ མཁན་པོ་མཇུག་སྤུས༔ མཁན་པོ་ཨེ་དྷན་ཧེར༔ མཁན་པོ་མ་ཧཱ་ཡཱ་ན༔ མཁན་པོ་བདུད་འདུལ་སྙིང་པོ༔ ཅིག་ཅར་མཁན་པོ་ཀུན་ཧུན་ཤེན༔ མཁན་པོ་ཛི་ཤིན་ཤ༔ མཁན་པོ་སྦབ་ཤན་ཤིས༔ མཁན་པོ་དེས་འགྲེའོ༔ མཁན་པོ་དེའུ་ཤན་ཤིས༔ མཁན་པོ་ཟངས་ཐང་ཤན་ཤིས༔ མཁན་པོ་ཧ་ཟེ་ཤན་ཤིས༔ མཁན་པོ་ཨཱརྱ་རཀྵི༔ མཁན་པོ་ཀ་ལ་ཡན༔ མཁན་པོ་བུ་ཆུས༔ མཁན་པོ་ཁ་ཤན་ཤིས༔ མཁན་པོ་ཛ་ཤན་ཤིས༔ མཁན་པོ་འདྲེ་ཤན་ཤིས༔ མཁན་པོ་ཨ་ཤན་ཤིས༔ མཁན་པོ་ལེན་ཤན་ཤིས༔ མཁན་པོ་ཧ་ཤན་ཤིས༔ མཁན་པོ་ཀན་ཤན་ཤིས༔ མཁན་པོ་ཛི་ཤན་ཤིས༔ མཁན་པོ་ཀི་ཤན་ཤིས༔ མཁན་པོ་ཧྱེའུ་གྱེའུ་ཤན་ཤིས༔ མཁན་པོ་གྱི་ཤན་ཤིས༔ མཁན་པོ་ཅི་ཤན་ཤིས༔ མཁན་པོ་ཕོག་ཏོག་ཤན་ཤིས༔ མཁན་པོ་ཛ་ཤན་ཤིས༔ མཁན་པོ་ཡན་ཤན་ཤིས༔ མཁན་པོ་ཧན་ཤན་ཤིས༔ མཁན་པོ་ཤིན་ཤན་ཤིསཿ མཁན་པོ་ཧྱེ་ཁས་ཤན་ཤིས༔ མཁན་པོ་ལང་ཤན་ཤིས༔ མཁན་པོ་མ་ཤན་ཤིས༔ (འདི་ཡན་རྒྱའི་མཁན་པོ་ཞལ་གྲངས་ ༣༤ ཡི་མཚན་བྱང་གསལ་ལོ།།) མཁན་པོ་ཨ་ལོ་གཟོང་ཆུ༔ མཁན་པོ་ཡེ་ཤེས་དཔལ༔ མཁན་པོ་གཞི་མཆོག༔ མཁན་པོ་མྱང་བྲན་ཡེ་ཤེས་རྒྱལ་མཚན༔ མཁན་པོ་ཨ་རཏྣ་ཐང༔ མཁན་པོ་འཛིན་མགོ་རྒྱན༔ མཁན་པོ་སུམ་པ་ཡེ་ཤེས་རྒྱལ་པོ༔ མཁན་པོ་དཔལ་སྦས༔ མཁན་པོ་མི་འཛུམ༔ མཁན་པོ་དཀར་རྒྱལ༔ མཁན་པོ་སེང་གེ་བློ་གྲོས༔ མཁན་པོ་བདེ་མོ་སྐྱིད༔ (འདི་ཡན་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ ༡༢ ཀྱི་མཚན་བྱང་གསལ་ལོ།།)

བྱང་ཆུབ་སེམས་དཔའི་མཁན་པོ་རྣམས༔ ས་གསུམ་བཞི་པ་ཡན་ཆོད་དུ༔

གསང་སྔགས་ཕྱི་པ་ནང་པ་བསྟན༔ ལོ་པཎ་རྩིས་སྨན་ཆོས་རྣམས་བསྒྱུར༔

ཞེས་བྱུང་ངོ་། །མདོར་ན་གོང་གསལ་བཀའ་ཐང་དུ་རྒྱ་གར་དང་ཁ་ཆེ་བལ་ཡུལ་གསུམ་གྱི་པཎྜི་ཏ་ཞལ་གྲངས་ ༧༦ དང་། སྐད་རིགས་རྣམ་གྲངས་ ༣༠ ཤེས་མཁན་གྱི་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་སྔ་ཕྱི་གཉིས་ལ་ཞལ་གྲངས་ ༡༠༢ དང་། རྒྱའི་མཁན་པོ་ཞལ་གྲངས་ ༣༤ བཅས་ཀྱི་མཚན་གསལ་བ་ལས། རྒྱ་དཀར་ནག་དང་། བལ་ཡུལ། ཁ་ཆེ་བཅས་ནས་གདན་དྲངས་པའི་པཎྜི་ཏ་དང་མཁན་པོ་ཞལ་གྲངས་ ༡༡༠ དང་། བོད་ཡུལ་རང་དུ་གསོ་སྐྱོང་མཛད་པའི་ལོ་ཙཱ་བ་ ༡༠༢ བཅས་ཀྱི་མཚན་གསལ་བ་ལས། གོང་གསལ་གྲངས་འདྲེན་ལ་འཁྲུག་གཞི་བྱུང་མེད་ཚེ། བཀའ་ཐང་ལས། གཡས་གྲལ་རྒྱ་གར་པཎ་ཆེན་བརྒྱ་རྩ་བརྒྱད༔ གཡོན་གྲལ་བོད་ཀྱི་ལོ་ཙཱ་བརྒྱ་རྩ་བརྒྱད༔ ཅེས་གསུངས་པ་ཧ་ལམ་ངོས་འཛིན་ཐུབ་པ་ལྟ་བུ་ཞིག་ཆགས་འདུག །དམིགས་བསལ་ཞིག་ལ་གོང་གསལ་རྒྱ་གར་གྱི་པཎྜི་ཏའི་ཁྲོད་དུ་པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ (480-540) དང་། སློབ་དཔོན་ཨཱརྱ་དེ་བ་ (310-390) སྟེ་འཕགས་པ་ལྷ། པཎྜི་ཏ་ཤནྟ་དེ་བ་ (650-700) སྟེ་ཞི་བ་ལྷ། ཤཱཀྱ་པྲ་བྷ་ (685-729) སྟེ་ཤཱཀྱ་འོད་བཅས་བཞི་དུས་རབས་བརྒྱད་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བོད་དུ་གདན་པའི་པཎྜི་ཏའི་ཁོངས་སུ་མཚན་གསལ་བས། ཡོངས་གྲགས་རྒྱལ་རབས་ལོ་རྒྱུས་དང་། ཆོས་འབྱུང་དེབ་ཐེར། པཎ་གྲུབ་རྣམ་ཐར་སོགས་པཎ་གྲུབ་བཞི་པོ་དེ་དག་བོད་དུ་ཕེབས་པའི་རྣམ་ཐར་སྐོར་གཏན་ནས་མི་གསལ་བ་དང་། གཉིས་ནས་པཎ་གྲུབ་འགའ་ཞིག་འཁྲུངས་འདས་ལོ་ཚིགས་ཀྱི་ཆ་ནས་ཀྱང་དུས་འགྲིགས་དཀའ་བས་དཔྱད་དགོས་པར་སྣང་ངོ་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༢༣༧

[2] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༢༣༨

[3] བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་གྲངས་ ༣༡༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༩༧ ནས་ ༣༠༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *