ལེའུ་བཞི་པ། ནཱ་ལེནྡྲ་རྒྱ་སྐྱེད་དང་ཉམས་གསོ། ཀ༽ ཆོས་རྒྱལ་དང་པཎ་གྲུབ་རྣམས་ཀྱིས་རྒྱ་སྐྱེད་མཛད་ཚུལ།

ལེའུ་བཞི་པ། ནཱ་ལེནྡྲ་རྒྱ་སྐྱེད་དང་ཉམས་གསོ།

ཀ༽ ཆོས་རྒྱལ་དང་པཎ་གྲུབ་རྣམས་ཀྱིས་རྒྱ་སྐྱེད་མཛད་ཚུལ།

 

དེ་ཡང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནི། རྒྱ་གར་འཕགས་ཡུལ་གྱི་ཆོས་རྒྱལ་དང་། པཎ་གྲུབ་རིམ་བྱོན་གྱི་སྐབས་སུ་རིམ་བཞིན་རྒྱ་སྐྱེད་བྱུང་བའི་ཚུལ་ནི། དཀོན་མཆོག་བསྟན་འཛིན་གྱིས་བརྩམས་པའི་བཟོ་གནས་སྐྲ་རྩེའི་ཆུ་ཐིགས་ལས[1]། ཆོས་རྒྱལ་ན་ལན་དའི་ཤུལ་དུ་ནཱ་ལནྡྲའི་གཙུག་ལག་ཁང་དང་། མཐོ་བཙུན་གྲུབ་རྗེ་དང་།

དང་པོའི་སློབ་དཔོན་ལྔ་བརྒྱས་ན་ལེནྡྲའི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་[2]དང་། མགོན་པོ་ཀླུ་སྒྲུབ་ཀྱིས་ལྷ་མོ་ཙནྜ་ཀའི་དངོས་གྲུབ་ལ་བསྟེན་ནས་ནཱ་ལེནྡྲར་ལྷ་ཁང་བརྒྱ་རྩ་བརྒྱད་དང་། མ་གྷ་དྷའི་བྲམ་ཟེ་བིཥྞས་ནཱ་ལེནྡྲར་ལྷ་ཁང་བརྒྱ་རྩ་བརྒྱད་དང་། སྒྲ་གཅན་འཛིན་བཟང་པོས་ནཱ་ལེནྡྲར་དྲི་གཙང་ཁང་བཅུ་བཞི་བཅས་བཞེངས་པར་གསལ་ལ། དེ་བཞིན་ཨཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་ལམ་རིམ་བརྡ་བཀྲོལ་ཉེར་མཁོ་བསྡུས་པ་ལས[3]། དེ་ནས་བཀའ་བཅད་གསུམ་པ་[4]བྱས་པའི་རྗེས་སུ་ཐེག་ཆེན་གྱི་དང་པོའི་སློབ་དཔོན་ལྔ་བརྒྱས་དེར་ཐེག་པ་ཆེན་པོའི་ཆོས་བསྟན་ན་ཤིན་ཏུ་དར་བར་འགྱུར་བའི་མཚན་མ་གཟིགས་ནས། བྲམ་ཟེ་སློབ་དཔོན་མཐོ་བཙུན་གྲུབ་རྗེ་སྐུ་མཆེད་ཀྱིས་གཙུག་ལག་ཁང་བརྒྱད་བཞེངས་ཏེ། ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་གླེགས་བམ་མཐའ་དག་བཞུགས་པར་བྱས་སོ། །དེས་ན་ནཱ་ལནྡའི་གཙུག་ལག་ཁང་ཐོག་མར་འདེབས་པ་པོ་ཆོས་རྒྱལ་མྱ་ངན་མེད་ཡིན་ལ། དེར་ཐེག་པ་ཆེན་པོའི་ཆོས་དར་བར་མཛད་པ་ཐེག་ཆེན་གྱི་སློབ་དཔོན་ལྔ་བརྒྱ་དང་། མཐོ་བཙུན་སྐུ་མཆེད་དང་། རྒྱས་པར་མཛད་པ་སློབ་དཔོན་སྒྲ་གཅན་འཛིན་བཟང་པོ་དང་། ཐེག་པ་ཆེན་པོའི་ཆོས་འཆད་ཉན་གྱི་སྒོ་ནས་ཤིན་ཏུ་རྒྱས་པར་མཛད་པ་པོ་ནི་སློབ་དཔོན་ཀླུ་སྒྲུབ་ཡིན་པས། རྒྱ་གར་གྱི་དགེ་འདུན་གྱི་སྡེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཞིག་ཡིན་པར་གསུངས། ཞེས་གསལ་ལོ།།

དེ་བཞིན་སློབ་དཔོན་འདིའི་སློབ་མ་རབ་ཞི་བཤེས་གཉེན་གྱིས་གནོད་སྦྱིན་ཁོ་ན་གཡོག་ཏུ་བཀོལ་ནས་ནཱ་ལེནྡཱའི་ལྷོ་ཕྱོགས་སུ་བདུད་རྩིའི་འབྱུང་གནས་ཞེས་བྱ་བའི་གཙུག་ལག་ཁང་ཞིག་བཞེངས་[5]པ་དང་། རྒྱལ་པོ་མ་ཧཱ་པཱ་ལས་ (923-962) རྒྱལ་སྲིད་ལོ་བཞི་བཅུ་ཞེ་གཅིག་མཛད། ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་དུ་ཉན་ཐོས་ཀྱི་དགེ་འདུན་རྣམས་གཙོ་བོར་མཆོད་ཅིང༌། དགེ་སློང་ལྔ་བརྒྱ་དང་ཆོས་སྟོན་པ་ལྔ་བཅུ་ལ་འཚོ་བ་སྦྱར། དེའི་ཡན་ལག་ཏུ་ཨུ་རུ་བཱ་ས་ཞེས་བྱ་བའི་གཙུག་ལག་ཁང་བཞེངས། དེར་ཡང་ཉན་ཐོས་སེནྡྷ་པ་ལྔ་བརྒྱ་རེ་ལ་འཚོ་བ་སྦྱར། བི་ཀྲ་མ་ཤཱི་ལར་སྔར་གྱི་སྲོལ་དེ་དག་བཟུང་སྟེ་མཆོད་འོས་ཀྱི་མཐིལ་དུ་མཛད། དཔལ་ནཱ་ལནྡྲར་ཡང་ཆོས་གཞི་འགའ་རེ་བཙུགས། སཽ་མ་པུ་རི་དང༌། ན་ལེནྡྲ་དང༌། ཚ་བ་གསུམ་གྱི་གཙུག་ལག་ཁང་ལ་སོགས་པར་ཡང་ཆོས་གཞི་མང་པོ་བཙུགས་[6]པར་གསུངས་སོ།།

དེ་བཞིན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་རིན་པོ་ཆེའི་ཁུངས་ལྟ་བུའི་གཏམ་ལས[7]། བི་ཀྲ་མ་ཤཱི་ལའི་རབ་གནས་ཀྱི་ལོ་རྒྱུས་ན། ཡང་བི་ཀྲ་མ་ཤཱི་ལ་དང༌། ཨོ་ཏནྟ་པུ་རི་དང༌། ཤྲཱི་ནཱ་ལནྡ་དང༌། སོ་མ་པུ་རི་སྟེ། གཙུག་ལག་ཁང་བཞི་པོ་དེ། སོ་སོའི་བར་བར་ན་ཉིན་ལམ་མང་པོས་ཆོད་པ་ཡིན་ཅིང༌། བི་ཀྲ་མ་གསར་བཞེངས་ཡིན། སོ་མ་པུ་རི་ཞིག་གསོས་ཡིན་ཟེར། གཞན་གཉིས་ནའང་རྒྱལ་པོས་ལྷ་ཁང་གསར་དུ་བཞེངས་པ་མང་དུ་ཡོད་པ་རྣམས་ལ་རབ་ཏུ་གནས་པར་ཞུས་པས། སློབ་དཔོན་གྱིས་སྐུའི་བཀོད་པ་བཞི་སྤྲུལ་ཏེ། གཙུག་ལག་ཁང་བཞི་ཅར་ལ་རབ་ཏུ་གནས་པ་དུས་གཅིག་ཏུ་མཛད། དེ་སྐབས་བི་ཀྲ་མ་ཤཱ་ལར་རབ་གནས་ཀྱི་ཞལ་བསྲོ་ཆེན་པོ་ཡོད་པའི་སྐབས། མུ་སྟེགས་ཀྱི་རྣལ་འབྱོར་མ་དཔོན་གཡོག་གཉིས་ཀྱིས་སྐྲུར་འོངས་པས། དགེ་ཚུལ་མ་རུངས་པ་རྣམས་ཀྱིས་བརྡུངས་སོ། །གཡོག་མོས་འདི་ལ་ནུས་པ་སྟོན་དགོས་ཞེས་ཡང་ཡང་གསོལ་བ་བཏབ་པས། དཔོན་མོས་སྔགས་བཟླས་པས། རབ་གནས་ཀྱི་དཀྱིལ་འཁོར་གྱི་འོག་ནས་ཆུ་བརྡོལ། དེར་སློབ་དཔོན་གྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་ནམ་མཁའ་ལ་བཏེགས་པས་དེས་ཆར་དྲག་པོ་ཕབ་བོ། །དེ་ཡང་སློབ་དཔོན་གྱིས་ཕྱག་བཀབ་སྟེ་བསྲུངས་པས་དཀྱིལ་འཁོར་ལ་གནོད་པ་ནི་མ་བྱུང་ཞིང་། རབ་གནས་ལེགས་སོ། །ཕྱིས་ཀྱང་ལོ་རེའི་དུས་ལ་དེའི་ཉིན་པར་མུ་སྟེགས་ཀྱི་གནོད་པ་རེ་ཡོང་། ཚུགས་ནི་མི་ཚུགས་སོ།།

ནཱ་ལེནྡྲ་བཏུལ་བའི་ལོ་རྒྱུས་ན། དེར་སློབ་དཔོན་ཆེན་པོ་དེས། ནཱ་ལེནྟྲ་དང་། བི་ཀྲ་མ་ལ་ཤཱི་ལའི་གནས་ཀྱི་བདག་པོ་ཡང་མཛད། དེ་སྐབས་ཨོ་ཏནྟ་པུ་རི་ན་གནས་པའི་ཉན་ཐོས་སེནྡྷ་པ་རྣམས་དང་། རྣམ་པར་རྟོག་པས་གཡེངས་པའི་དགེ་སློང་རྣམས་ཀྱིས་ངན་དུ་ཟེར་ཞིང་། སློབ་དཔོན་ནཱ་ལེནྟྲར་བཞུགས་པའི་སྐབས་ཤིག་ན། དགེ་སློང་དེ་རྣམས་ཀྱིས། སངས་རྒྱས་ཡེ་ཤེས་ཚུལ་ཁྲིམས་དང་མི་ལྡན་པས། དགེ་འདུན་གྱི་མཁན་པོར་རུང་བ་མ་ཡིན་ཞེས་ཡང་ཡང་རྒོལ་བ་དང་། གསང་སྔགས་ལ་གཤེ་ཞིང་། རྡོ་རྗེ་གདན་གྱི་སེནྡྷ་པ་སིང་གྷ་ལ་པ་མང་པོས། ཧེ་རུ་ཀའི་སྐུ་བརྙན་དངུལ་ལས་བསྒྲུབས་པ་བཤིག་སྟེ་རྙེད་པར་བྱས་སོ། །ཞེས་བྱུང་བ་ལྟར། སོ་མ་པུ་རིའི་གཙུག་ལག་ཁང་དང་། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་། བི་ཀྲ་མ་ཤཱི་ལའི་གཙུག་ཁང་བར་དུ་ས་ཁད་ཉེ་འགྱངས་ཇི་ཙམ་ཡོད་པ་དང་། ལྷག་པར་ནཱ་ལེནྡྲར་རྒྱལ་པོས་ལྷ་ཁང་མང་དུ་བཞེངས་པར་གསུངས་སོ།།

གཞན་ཡང་ལི་ཐང་ཞག་པ་འཇམ་དབྱངས་མཁས་གྲུབ་ཀྱིས་བརྩམས་པའི་སློབ་དཔོན་ཀླུ་སྒྲུབ་ཐོགས་མེད་རྟ་དབྱངས་གསུམ་གྱི་རྣམ་ཐར་རྒྱས་བསྡུས་སྣ་ཚོགས་ལས[8]། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་སྐུ་དུས་སུ་ནཱ་ལེནྡྲའི་གཙུག་ལག་ཁང་བཞེངས་གྲུབ་མིན་ལ་བཞེད་པ་མི་མཐུན་པ་ཡོད་ཅིང་། ཀླུ་སྒྲུབ་འཁྲུངས་པའི་དུས་ནི་སངས་རྒྱས་འདས་ནས་ལོ་བཞི་བརྒྱ་ན་དང༌། འཁྲུངས་ཡུལ་ནི་རྒྱ་གར་ལྷོ་ཕྱོགས་བེ་དརྦྷའི་ཡུལ་ཡིན་པར་གསུངས་པ་དང༌། རིགས་དང་ཇི་ལྟར་འཁྲུངས་ཚུལ་རྣམས་ལ་མཆོད་སྦྱིན་ལ་བརྟེན་ནས་སྐུ་ཚེ་ལོ་བདུན་དུ་བསྲིངས་ནས་དཔལ་ནཱ་ལེནྡྲའི་དགོན་པར་ཕེབས་པར་གསུངས་ཀྱང༌། དཔལ་ནཱ་ལེནྡྲའི་དགོན་པ་ནི་ཕྱི་ལོ་ ༤༡༤ ནས་ ༤༥༥ བར་དུ་བྱུང་བའི་གུཔྟའི་རྒྱལ་རབས་སྐབས་སུ་ཕྱག་བཏབ་པ་ཞིག་ཡིན་པས། ཀླུ་སྒྲུབ་ཀྱི་དུས་སུ་དགོན་ཆེན་འདི་ད་དུང་ཕྱག་བཏབ་མེད་མོད། འོན་ཀྱང་ས་འདི་ནི་ཨ་མྲའི་ཚལ་ཞེས་བྱ་བ་དེ་ཡིན་པས། སྔོན་སངས་རྒྱས་འཁོར་དང་བཅས་པ་ཕེབས་ནས་ཟླ་བ་གསུམ་གྱི་བར་དུ་ཆོས་གསུངས་ཤིང༌། ང་མྱ་ངན་ལས་འདས་པའི་འོག་ཏུ། ཡུལ་འདིའི་རྒྱལ་པོ་ (कनिष्क) ཀ་ནིཥྐ་ཞེས་བྱ་བས་མཆོད་རྟེན་བཞེངས་པར་ལུང་བསྟན་ལ། ཀླུ་སྒྲུབ་ཀྱི་སྔོན་ཙམ་ལ་གནྡྷ་རའི་རྒྱལ་པོ་ཀ་ནི་ཥྐ་ཞེས་པས་ལུང་བསྟན་རང་ལ་ཡིན་པར་བསམས་ནས། སྔར་ནས་མཆོད་རྟེན་ཁྲུ་གསུམ་པ་ཞིག་ཡོད་པ་དེ་གཞིར་བྱས་ནས་དེའི་སྟེང་དུ་མཆོད་རྟེན་ཆེན་པོ་བློའི་ཡུལ་ལས་འདས་པ། རྩེ་མོར་གསེར་གྱི་ཆོས་འཁོར་བཅུ་གསུམ་དང་ལྡན་པ་བསམ་གྱིས་མི་ཁྱབ་པ་ཞིག་བཞེངས་པར་ཆེན་པོ་ཐང་གི་ནུབ་ཕྱོགས་ཡུལ་གྱི་ཟིན་བྲིས་ཞེས་པ་དང༌། གཙུག་ལག་ཁང་གི་ཟིན་ཐོ་ལོ་ཡང་དུ་བཀོད་པ་ཞེས་པ་སོགས་ན་གསལ་ལ། གཞོན་ནུ་སྲོག་གིས་བསྒྱུར་བའི་ཀླུ་སྒྲུབ་ཀྱི་རྣམ་ཐར་ལས་ཀྱང༌། དེ་ལས་ཐོན་མ་ཐག་ཏུ་རི་ལ་སོང་ནས་སངས་རྒྱས་ཀྱི་མཆོད་རྟེན་ཞིག་གི་དྲུང་དུ་ཞུགས་ནས་རབ་ཏུ་བྱུང་སྟེ་སྡོམ་པ་ཡང་དག་པར་བླངས་སོ་གསུངས་པས། རྗེས་སུ་དཔལ་ནཱ་ལེནྡྲའི་དགོན་པ་གང་དུ་ཆགས་པའི་གནས་དེར་སྔར་ནས་མཆོད་རྟེན་ཆེན་པོའི་ཁོར་ཡུག་ཏུ་གཙུག་ལག་ཁང་གཙང་ཁང་དང་བཅས་པ་ཡོད་པ་དེ་ཡིན་ནམ་སྙམ་མོ།།

གཙང་ཁང་ཡོད་པ་ཅི་ལས་རྟོགས་ཤེ་ན། དེར་ནང་རྟེན་འཕགས་པ་སྤྱན་རས་གཟིགས་ཀྱི་བཞེངས་སྐུ་ཁྱད་པར་ཅན་ཞིག་བཞུགས་པའི་གཙང་ཁང་ཡོད་པར་གསུངས་པས་སོ། །མདོར་ན་སངས་རྒྱས་ཀྱི་མཆོད་རྟེན་ཞིག་གི་དྲུང་དུ་ཞུགས་ནས་རབ་ཏུ་བྱུང་ཞེས་པ་ནི་མཆོད་རྟེན་ཁོ་ན་ཙམ་ལ་གོ་རྒྱུ་མ་ཡིན་པར་མཆོད་རྟེན་ཆེན་པོའི་ཉེ་འཁོར་ན་གཙུག་ལག་ཁང་དང་གཙང་ཁང་སོགས་ཡོད་པ་ཞིག་ལ་གོ་དགོས་པས། དེའི་དུས་སུ་དཔལ་ནཱ་ལེནྡྲའི་དགོན་པ་ཞེས་པའི་མཚན་གྱིས་བརྗིད་པའི་གཙུག་ལག་སློབ་གྲྭ་ཆེན་མོ་དེ་མེད་ཀྱང༌། མཆོད་རྟེན་གཙོ་བོར་གྱུར་པའི་དགོན་པ་ཆུང་ངུ་ཞིག་ནི་ཅིས་ཀྱང་ཡོད་པས་ཀླུ་སྒྲུབ་དེར་རབ་ཏུ་བྱུང་བ་ཡིན་ནམ་སྙམ་མོ།།

ཕྱི་ལོའི་སྔོན་གྱི་ལོ་ ༥༨ ནས་ཕྱི་ལོ་ ༣༡༩ བར་གྱི་འཕེལ་རིམ་ནི། ཡུལ་ཨོ་ཌི་བི་ཤར་རྒྱལ་པོ་ཟླ་བ་སྲུང་བའི་ཁྱིམ་དུ་འཕགས་པ་འཇམ་དཔལ་དགེ་སློང་ཞིག་གི་ཚུལ་གྱིས་བྱོན་ཏེ། ཐེག་པ་ཆེན་པོའི་ཆོས་ཅི་རིགས་པ་བསྟན་ཅིང་། ཐེག་པ་ཆེན་པོའི་གླེགས་བམ་ཞིག་བཞག་པ་དེ་ནི་སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་ཐེག་པ་ཆེན་པོ་མི་ཡུལ་དུ་བྱུང་བ་ཐོག་མ་ཡིན། ཀུཥཱནའི་མངའ་ཐང་ཆེ་ཞིང་རྩེ་མོའི་མཐར་ཐུག་པར་སླེབས་པ་དང་། རྒྱལ་པོ་ཀ་ནི་ཤྐ་ཕྱི་ལོ་ ༧༨ ནས་ ༡༢༠ བར་རྒྱལ་སྲིད་བསྐྱངས་པའི་རིང་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེ་གཅིག་གྱུར་གྱིས་ཤར་གླིང་ཨེ་ཤི་ཡའི་ནང་དུ་དར་རྒྱས་ཤིན་ཏུ་ཆེན་པོར་གྱུར། དེས་ཕྱིས་སུ་ཐེག་ཆེན་གྱི་དང་པོའི་སློབ་དཔོན་ལྔ་བརྒྱས་བཀའ་བགྲོས་ཏེ་གང་དུ་འཕགས་པ་ཤཱ་རིའི་བུའི་གནས་སུ་ཐེག་པ་ཆེན་པོའི་ཆོས་བསྟན་ན་ནི། ཐེག་པ་ཆེན་པོ་བ་རྣམས་ལ་ཆོས་ཤིན་ཏུ་དར་བར་འགྱུར་བའི་མཚན་མ་གཟིགས་པ་དང་། མ་ག་དྷའི་བྲམ་ཟེ་མཐོ་བཙུན་གྲུབ་རྗེ་དང་། བདེ་བྱེད་བདག་པོ་སྐུ་མཆེད་གཉིས་ནས་དཔལ་ནཱ་ལེནྡྲར་གཙུག་ལག་ཁང་བརྒྱད་བཞེངས་པར་མ་ཟད། དེར་ཐེག་ཆེན་མཐའ་དག་གི་གླེགས་བམ་བཞུགས་པར་བྱས་པས་སློབ་དཔོན་ལྔ་བརྒྱ་ལའང་འཚོ་བ་སྦྱར་ཞིང་ཆོས་གཞི་དར་བར་མཛད།

(རྒྱལ་པོ་ཀནིཥྐ་ (Kanishk) ཕྱི་ལོའི་སྔོན་གྱི་ལོ་ ༧༨ ནས་ ༡༢༠ བར།)

མདོར་ན། ནཱ་ལེནྡྲར་ཐོག་མར་ཤཱ་རིའི་བུའི་གདུང་རྟེན་བཞུགས་པའི་མཆོད་རྟེན་རྨང་གཞིར་མཛད་དེ། ཆོས་རྒྱལ་མྱ་ངན་མེད་ཀྱིས་དང་ཐོག་ལྷ་ཁང་ཆེན་པོ་ཞིག་གསར་བཞེངས་མཛད་པ་ནས་རིམ་གྱིས་དར་རྒྱས་བྱུང་ཞིང་། དེ་རྗེས་ཐེག་ཆེན་གྱི་བསྟན་པ་ཐོག་མར་དར་བར་མཛད་མཁན་གྱི་སློབ་དཔོན་ལྔ་བརྒྱ་པོ་རྣམས་ཀྱིས་ཐེག་ཆེན་གྱི་ཆོས་དར་བར་བྱེད་ཐབས་ཇི་དགེའི་ཐད་བཀའ་བགྲོས་བརྟག་དཔྱད་མཛད་པར་སྔོན་ཤཱ་རིའི་བུའི་འཁྲུངས་འདས་ཀྱི་གནས་འདིར་ཐེག་ཆེན་གྱི་ཆོས་གཞི་བཙུགས་ན་ཤིན་ཏུ་དར་རྒྱས་ཡོང་བ་དང་། མོའུ་འགལ་གྱི་བུས་མཛད་པ་བསྟན་པའི་གནས་སུ་ཐེག་ཆེན་གྱི་ཆོས་གཞི་བཙུགས་ན་དབང་ཆེ་བར་ཡོང་བའི་རྟགས་མཚན་མཁྱེན་རྟོགས་བྱུང་བ་ལྟར། དཔལ་ནཱ་ལེནྡྲར་ཐེག་ཆེན་གྱི་ཆོས་གཞི་འཛུགས་པར་བཀའ་གྲོས་གཅིག་མཐུན་བྱུང་སྟེ། བྲམ་ཟེའི་སློབ་དཔོན་མཐོ་བཙུན་གྲུབ་རྗེ་དང་། སློབ་དཔོན་བདེ་བྱེད་བདག་པོ་གཉིས་ཀྱིས་ཐོག་མར་གཙུག་ལག་ཁང་བརྒྱད་བཞེངས་ཤིང་། ཐེག་ཆེན་གྱི་དགེ་འདུན་ལྔ་བརྒྱར་འཚོ་བ་སྦྱར་ཐོག་ཕྱོགས་སོ་སོར་ཡོད་པའི་ཐེག་པ་ཆེན་པོའི་ཆོས་ཀྱི་གླེགས་བམ་རྣམས་གནས་དེར་གདན་དྲངས་ནས་བཞུགས་སུ་གསོལ་བ་ནས་བཟུང་དཔལ་ནཱ་ལེནྡྲ་དེ་ཉིད་ཐེག་པ་ཆེན་པོའི་ཆོས་གཙོ་བོར་གྱུར་པའི་གཙུག་ལག་སློབ་གཉེར་ཁང་ཞིག་ཏུ་གྱུར་ནས་ཕྱི་ནང་གི་རིག་པའི་གནས་སྤྱི་དང་། བྱེ་བྲག་སངས་རྒྱས་ཆོས་ལུགས། ཡང་སྒོས་ཐེག་པ་ཆེན་པོའི་གཞུང་ལ་སློབ་སྦྱོང་བྱེད་མཁན་གྱི་གཙུག་ལག་སློབ་གྲྭ་ཞིག་གམ་གདན་ས་ཆེན་པོ་ཞིག་ཏུ་གྱུར་ཚུལ་རྒྱ་གར་ཆོས་འབྱུང་དུ་གསལ་ཡོད། དེ་ཡང་བོད་ཀྱི་མཁས་དབང་ཇོ་ནང་རྗེ་བཙུན་སྒྲོལ་བའི་མགོན་པོས་ཕྱི་ལོ༌ ༡༦༠༨ ལོར་མཛད་པའི་རྒྱ་གར་ཆོས་འབྱུང་དུ། དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་ནི། (ཕྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་སྐབས་ཀྱི་) རྒྱལ་པོ་ང་ལས་ནུའི་རིང་ལ་གསར་དུ་བསྐྲུན་ཅིང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་ཀྱིས་ཀྱང་གཙུག་ལག་ཁང་འདིའི་སློབ་དཔོན་མཛད་མྱོང་། ཞེས་གསུངས། ཕྱི་ལོའི་དུས་རབས་ལྔ་པའི་དཀྱིལ་ཙམ་ལ་གཙུག་ལག་ཁང་འདིའི་རྣམ་པ་རྒྱ་ཆེར་བསྐྱེད་དེ། ནང་པའི་ཆོས་ཀྱི་རིག་པའི་གཞུང་ལུགས་ལ་སྦྱངས་པ་བྱེད་པའི་སློབ་གྲྭ་ཆེན་མོ་ཞིག་ཏུ་བསྒྱུར། དུས་རབས་བདུན་པའི་ནང་བྷི་ཧར་གྱི་རྒྱལ་པོ་ཀ་ན་ཀན་ཟེར་བ་ཞིག་གི་རིང་ལ་གཙུག་ལག་ཁང་འདིའི་རྣམ་པ་ཆེར་བསྐྱེད་ནས། དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་དེ་དུས་རབས་བཅུ་པའི་སྐབས་སུ་རྒྱ་གར་གྱི་ཆེས་ཆེ་ཞིང་གཟི་དཔལ་རྔམ་བརྗིད་ལྡན་པའི་དགོན་སྡེའམ་གཙུག་ལག་ཁང་ཞིག་ཏུ་གྱུར་ཏོ། །[9]ཞེས་གསལ་བ་ལྟར་རོ།།

མདོར་ན། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་མོ་ནི། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ནཱ་ལེནྡྲར་ཐོག་མར་ཤཱ་རིའི་སྐུ་གདུང་མཆོད་རྟེན་གསར་བཞེངས་གནང་ཞིང་། དེ་རྗེས་ཆོས་རྒྱལ་མྱ་ངན་མེད་ཀྱིས་ནཱ་ལེནྡྲའི་མཆོད་རྟེན་ཡོད་སར་གཙུག་ལག་ཁང་གསར་བཞེངས་དང་། དེ་རྗེས་མཐོ་བཙུན་གྲུབ་རྗེ་དང་དང་པོའི་སློབ་དཔོན་ལྔ་བརྒྱས་ནཱ་ལེནྡྲར་གཙུག་ལག་ཁང་བརྒྱད་བཞེངས་ཤིང་། མགོན་པོ་ཀླུ་སྒྲུབ་ཀྱིས་ལྷ་མོ་ཙཎྜ་ཀའི་དངོས་གྲུབ་ལ་བརྟེན་ནས་ནཱ་ལེནྡྲར་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས། དེ་རྗེས་མ་ག་དྷའི་བྲམ་ཟེ་ལུ་བིཥྞས་ནཱ་ལེནྡྲར་ཁང་བརྒྱ་རྩ་བརྒྱད་བཞེངས་པ་དང་། སློབ་དཔོན་འཕགས་པ་ལྷས་རིའི་ལྷ་དང་ཤིང་གི་ལྷ་ལས་ཡོ་བྱད་བླངས་ཏེ་ཡུལ་དབུས་སུ་ལྷ་ཁང་ཉེར་བཞི་དང་། འཕགས་པ་ལྷའི་དངོས་སློབ་དམངས་རིགས་སྒྲ་གཅན་འཛིན་བཟང་པོས་ནཱ་ལེནྡྲར་དྲི་གཙང་ཁང་བཅུ་བཞི་བཞེངས་པར་མ་ཟད། ཆོས་གཞི་མི་འདྲ་བ་ཡང་བཅུ་བཞི་བཙུགས་པ་དང་། སློབ་དཔོན་དབྱིག་གཉེན་གྱིས་ནཱ་ལེནྡྲར་ཡོ་ག་ཀ་ར་སློབ་གཉེར་ཁང་ཡང་གསར་འཛུགས་གནང་། དེ་རྗེས་སངས་རྒྱས་སྦས་པས་ཡབ་ཀྱིས་བརྩིགས་པའི་ཤར་ཕྱོགས་སུ་གཙུག་ལག་ཁང་གཉིས་པ་བྱས་པ་དང་། རྒྱལ་པོ་ཏ་ཐཱ་ག་ཏ་གུཔྟས་དེའི་ཤར་ཕྱོགས་སུ་གཙུག་ལག་ཁང་གསུམ་པར་བྱས་པ། དེ་ནས་བཱལཱདིཏྱ་སྟོབས་ཀྱི་ཉི་མའི་བུས་དེའི་བྱང་ཤར་དུ་གཙུག་ལག་བརྩིགས་ཤིང་། ཕྱོགས་བཞིའི་དགེ་འདུན་སྤྱན་དྲངས་ཏེ་དུས་སྟོན་ཆེན་པོ་བྱས་ནས་ཕུལ་བ་སོགས་རྒྱལ་པོ་རིམ་བྱོན་གྱིས་སྦྱིན་བདག་མཛད་ནས་ནཱ་ལེནྡྲའི་གཙུག་ལག་ཁང་རྣམས་རིམ་བཞིན་རྒྱ་བསྐྱེད་པ་ཡིན། དེ་བཞིན་རྒྱལ་པོ་དེ་བུ་བཛྲ་བྱ་བས་ནུབ་ངོས་སུ་གཙུག་ལག་ཁང་བཞེངས་པ་དང་། ཕྱིས་ཙ་ན་ཡུལ་དབུས་ཀྱི་རྒྱལ་པོས་གཙུག་ལག་ཁང་ཤིན་ཏུ་ཆེན་པོ་ཞིག་བྱང་ངོས་སུ་བཞེངས་ཏེ་དགོན་པ་ལྕགས་རི་མཐོན་པོས་བསྐོར་བ་དང་། རྒྱལ་པོ་གཽ་པཱ་ལས་ནཱལནྡཱར་དགོན་པ་ཞིག་དང་། དེ་བཞིན་དུ་ཆོས་ཀྱི་སྡེ་མང་པོ་ཞིག་གསར་བཙུགས་གནང་བ་སོགས་རིམ་བཞིན་གཞི་རྒྱ་བསྐྱེད་པ་ཞིག་ཡིན་ནོ།།  །།

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1] བཟོ་གནས་སྐྲ་རྩེའི་ཆུ་ཐིགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༧

[2] དེབ་ཐེར་ཕལ་མོ་ཆེར་གཙུག་ལག་ཁང་བརྒྱད་རེ་བཞེངས་པར་གསལ་བས་དཔྱད་དགོས།

[3] ཨཱཀྱ་ཡོངས་འཛིན་གྱི་བཀའ་འབུམ། སྟོད་ཆ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༣

[4] སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན་བྱས་པར་གྲགས།

[5] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༦༧

[6] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༧༧

[7] ཏཱ་ར་ནཱ་ཐའི་གསུང་འབུམ། པོད། ༼༣༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༤༨

[8] སློབ་དཔོན་ཀླུ་སྒྲུབ་ཐོགས་མེད་རྟ་དབྱངས་གསུམ་གྱི་རྣམ་ཐར། མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ ཤོག་ ༡༥༣

[9] གནས་ཡིག་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༢༩༨

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༢༥༥ ནས་ ༢༦༤ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *