ཉ༽ སློབ་དཔོན་སེང་བཟང་དུས་ནམ་ཞིག་བྱོན་མིན།
སློབ་དཔོན་སེངྒེ་བཟང་པོ་དུས་ནམ་ཞིག་བྱོན་མིན་ནི། སློབ་དཔོན་སེངྒེ་བཟང་པོ་རང་ཉིད་ཀྱིས་མཛད་པའི་འགྲེལ་པ་དོན་གསལ་ལས[1]། འགྲོ་ལ་ཆགས་པས་ཀུན་ཆགས་མཛད། །འཕགས་པ་ཐོགས་མེད་སྐྱོབ་ཉིད་ཀྱིས། །མི་ཕམ་མགོན་ལ་གསན་ནས་ནི། །བསྟན་བཅོས་ཆེན་པོའི་རྣམ་བཤད་མཛད། །འགྲོ་དོན་རྩ་ལག་དབྱིག་གི་གཉེན། །རང་གི་མོས་པ་གཙོར་བྱེད་པས། །ཤེས་བྱ་ནང་གི་ཡིན་པ་ལ། །ཡང་དག་རྟེན་ནས་རྣམ་པར་བཀྲོལ། །
འཕགས་པའི་ཁོངས་སུ་གཏོགས་པ་ཡི། །རྣམ་པར་གྲོལ་བ་ཞེས་བྱས་ཀྱང༌། །དེས་བྱས་བྱས་པ་མིན་མཐོང་ནས། ། དབུ་མར་གནས་པའི་བློས་རྣམ་ཕྱེ། ། དེ་ཡི་འོག་ཏུ་རྣམ་གྲོལ་སྡེ། ། དད་པའི་ས་ལ་གནས་པ་ཡིས། །བསྟན་བཅོས་མཐའ་དག་མ་རྙེད་པར། །རང་དང་རྗེས་མཐུན་རྣམ་བཤད་བྱས། །ཞེས་གསུངས་པ་ལྟར་འཕགས་པ་ཐོགས་མེད་དང་། མཁས་མཆོག་དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་གྲོལ་སྡེ་བཅས་པཎ་གྲུབ་བཞི་པོ་རྣམས་སློབ་དཔོན་སེང་བཟང་རང་ཉིད་ཀྱི་སྔོན་དུ་བྱོན་ཟིན་པར་གསལ་བས། པཎ་གྲུབ་དེ་དག་གི་རྗེས་སུ་བྱོན་པ་ཤིན་ཏུ་གསལ་བ་སྟེ། འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་ (1143-1217) ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ལས[2]།
ཐོགས་མེད་སློབ་མ་དབྱིག་གི་གཉེན། །དེ་སྲས་འཕགས་པ་རྣམ་གྲོལ་སྡེ། །
དེ་བཞིན་སོ་སྐྱེ་རྣམ་གྲོལ་སྡེ། །རབ་མཆོག་སྡེ་དང་དུལ་བའི་སྡེ། །
བཻ་རོ་ཙ་ནའི་སྡེ་ཡིས་ནི། །སེངྒེ་བཟང་པོ་ཉིད་ལ་བཤད། །
དེ་ཡིས་རཏྣ་ཕ་ལ་ལ། །དེས་ཀྱང་གྷུ་ན་མཻ་ཏྲི་ལ། །
དེ་ཡིས་གསེར་གླིང་པ་ལ་བཤད། །དེས་ཀྱང་ཨ་ཏི་ཤ་ལ་གསུངས། །
ཞེས་ཀྱང་གསུངས་ལ། དེ་བཞིན་སློབ་དཔོན་སེང་བཟང་རང་ཉིད་ཀྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པའི་མཛད་བྱང་ལས་ཀྱང་[3]།
མཁན་པོ་ཡང་དག་རྣམ་སྣང་མཛད། །བླ་མ་བཟང་ལ་ཕྱག་འཚལ་ནས། །
ཚིག་ལེའུར་བྱས་པའི་འགྲེལ་གསལ་བ། །འདི་ནི་སེངྒེ་བཟང་པོས་བྱས། །
ཞེས་སློབ་དཔོན་སེང་བཟང་རང་ཉིད་ཀྱིས་མཁན་ཆེན་ཞི་བ་འཚོའི་སློབ་མ་ཡིན་པ་གསལ་བར་གསུངས་ལ། ཡོངས་འཛིན་དམ་པ་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་དཔལ་བཟང་པོས་ (1745-1800) མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་ལས་[4]ཀྱང་། འཕགས་ཡུལ་དུ་སློབ་དཔོན་སེང་གེ་བཟང་པོ། ཡེ་ཤེས་ཞབས། པདྨས་བྷ་ཝ། མཁན་པོ་བོ་དྷི་ས་ཏྭ་སོགས་བྱོན་པ་དང་དུས་མཚུངས་བོད་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བྱོན། ཞེས་གསུངས་པ་ལྟར། མཁན་ཆེན་ཞི་འཚོ་དང་། བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་བཅས་དང་དུས་མཉམ་པར་དུས་རབས་བརྒྱད་པའི་སྐབས་སུ་བྱོན་པ་རྟོགས་ཐུབ། འོན་ཀྱང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[5]། ཆོས་ཀྱི་བཤེས་གཉེན་གྱི་ལོ་རྒྱུས་ཅུང་ཟད་ཙམ་ནི་གཞན་དུ་ཤེས་ལ། ཆོས་བཤེས་འདི་དང༌། འགྲེལ་ཆུང་དོན་གསལ་འགྲེལ་བཤད་མཛད་མཁན་གྱི་ཆོས་བཤེས་གཅིག་པར་སྨྲ་ཞིང༌། དེ་ཉིད་ཡོན་ཏན་འོད་ཀྱི་དངོས་སློབ་ཏུ་འདོད་པ་ནི་འཁྱམས་པ་ལས་ཀྱང་ཆེས་འཁྱམས་པ་སྟེ། དེ་འདྲའི་ལུགས་ལྟར་ན། འཕགས་པ་རྣམ་གྲོལ་སྡེ་དང་སེང་གེ་བཟང་པོ་དུས་མཉམ་པར་བྱེད་དགོས་སོ། །དེའི་ཚེ་ཤར་ཕྱོགས་སུ་རྩོད་པའི་ཁྱད་པར་མང་པོ་དག་བྱུང་སྟེ། སྔོན་གྱི་རྩོད་པ་ལྟ་བུའི་རྒྱལ་ཕམ་ཆེར་ནུས་པའི་རྩོད་པ་ཆེ་བ་ནི་མ་བྱུང་ཡང༌། རྩོད་པ་ཆུང་ངུས་དུས་འདའ་བ་ཞིག་བྱུང་ངོ༌། །ཞེས་གསལ་བ་ལྟར་འཕགས་པ་གྲོལ་སྡེ་དང་དུས་མཉམ་དུ་བྱེད་དགོས་ན། དུས་རབས་ལྔ་པ་དྲུག་པར་བྱོན་དགོས་པར་འགྱུར་བས་སོ།།
དེ་བཞིན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[6]། སྐབས་འདིར་སློབ་དཔོན་ཤཱཀྱ་འོད་ཀྱི་སློབ་མ་ཤཱཀྱ་བཤེས་གཉེན་ཞེས་བྱ་བ་ཡང་བྱུང༌། གཞན་ཡང་འདུལ་འཛིན་དགེ་ལེགས་བཤེས་གཉེན་དང༌། བློ་བཟང་ངང་ཚུལ་དང༌། དཾ་ཥྟ་སེ་ན་སྟེ་མཆེ་བའི་སྡེ་དང༌། ཡེ་ཤེས་ཟླ་བ་དང༌། རྡོ་རྗེ་མཚོན་ཆ་དང༌། འཇམ་དཔལ་གྲགས་པ་དང༌། ཡེ་ཤེས་བྱིན་དང༌། བཛྲ་དེ་ཝ་དང༌། ལྷོ་ཕྱོགས་ཀྱི་རྒྱུད་དུ་བཙུན་པ་སྤྱན་རས་གཟིགས་བརྟུལ་ཞུགས་རྣམས་བྱུང༌། ཁ་ཆེའི་ཡུལ་དུ་སློབ་དཔོན་དྷ་ན་མི་ཏྲ་ལ་སོགས་པ་བྱུང༌། སློབ་དཔོན་སེང་གེ་བཟང་པོའང་རྒྱལ་པོ་ (རྒྱལ་པོ་དེ་ཝ་པཱ་ལ།) འདིའི་དུས་སུ་པཎྜི་ཏར་གྱུར། འགྲོ་དོན་ཅི་རིགས་པ་མཛད། རྒྱལ་པོ་དྷརྨ་པཱ་ལའི་དུས་སུ་འཕྲིན་ལས་ཆེར་བྱུང་བ་ཡིན་ཏེ་འོག་ཏུ་འཆད། ཅེས་དང་། དེ་བཞིན་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས[7]། དེའི་ཚེ་ཤཱཀ་འོད་ཀྱི་སློབ་མ་ཤཱཀྱ་བཤེས་གཉེན་དེ་ཉིད་བསྡུས་འགྲེལ་ (ཀོ་ས་ལའི་རྒྱན།) མཛད་པ་པོ་དང་། འཇམ་དཔལ་བསྟོད་པ་གང་བློ་མ་མཛད་པ་པོ་རྡོ་རྗེ་མཚོན་ཆ་དང་། ཆོས་དབྱིངས་གསུང་དབང་ཞལ་གཟིགས་ཤིང་མཚན་བརྗོད་ (འགྲེལ་ཆེན་མཛད།) པ་པོ་འཇམ་དཔལ་གྲགས་པ་དང་། འདུལ་འཛིན་ (སོ་ཐར་མདོ་འགྲེལ་མཛད།) དགེ་ལེགས་བཤེས་གཉེན་དང་། བློ་བཟང་ངང་ཚུལ་དང་ (མཆེ་བའི་སྡེའམ།) དཾཥྚ་སེ་ན་དང་། ཡེ་ཤེས་ཟླ་བ་དང་། ཡེ་ཤེས་བྱིན་དང་། སྤྱན་རས་གཟིགས་ཀྱི་བསྟོད་པ་ཤླཽ་ཀ་བརྒྱ་པ་མཛད་དེ་ཐུགས་རྗེ་ཆེན་པོའི་ཞལ་མཐོང་བའི་དགེ་བསྙེན་བཛྲ་དེ་ཝ་དང་། ལྷོར་སྤྱན་རས་གཟིགས་བརྟུལ་ཞུགས་དང་། ཁ་ཆེར་དྷ་ན་མི་ཏྲའང་བྱུང་། སེང་བཟང་ཡང་དེ་དུས་བྱུང་། ཞེས་གསུངས་པ་ལྟར་སློབ་དཔོན་སེངྒེ་བཟང་པོ་རྒྱ་གར་གྱི་རྒྱལ་པོ་དེ་ཝ་པཱ་ལ་དང་། རྒྱལ་པོ་དྷརྨ་པཱ་ལ་སོགས་དང་དུས་མཉམ་དུ་བྱོན་པར་གསུངས་པས། རྒྱལ་པོ་དེ་ཝ་པཱ་ལ་ནི་པཱ་ལ་བདུན་ལས་གཉིས་པ་དང་། དྷརྨ་པཱ་ལ་ནི་བཞི་པ་ཡིན་ཅིང་། དེ་ཝ་པཱ་ལས་ཕྱི་ལོ་ (730-777) བར་རྒྱལ་སྲིད་ ༤༨ བསྐྱངས་པ་དང་། རྒྱལ་པོ་དྷརྨ་པཱ་ལས་ཕྱི་ལོ་ (790-853) བར་རྒྱལ་སྲིད་ལོ་ ༦༤ བསྐྱངས་ཤིང་། སྐབས་དེར་སློབ་དཔོན་སེངྒེ་བཟང་པོ་བྱོན་པར་གསུངས་པ་ལྟར་སློབ་དཔོན་སེངྒེ་བཟང་པོའི་རྣམ་ཐར་ལས་ཀྱང་གསལ་བར་འགྱུར་ལ། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་[8]ཀྱང་། སློབ་དཔོན་འདི་བྱོན་པའི་དུས་ནི། རྒྱལ་པོ་དྷརྨ་པཱ་ལའི་སྐབས་ཡིན་པ་ནི། སློབ་དཔོན་རང་ཉིད་ཀྱི་རྒྱན་སྣང་ལས[9]། རྒྱལ་པོ་མཆོག་བརྒྱུད་རྒྱལ་རིགས་ནས་འཁྲུངས་རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་རིང་ལ་ནི། །དཀའ་འགྲེལ་བཟང་པོ་དེ་ཉིད་སྣང་བ་ཞེས་བྱ་འདི་ནི་བདག་གིས་རྣམ་པར་བརྩམས། །ཞེས་གསུངས་པས་གསལ་ཞིང་། དེ་ལྟ་ན། དེང་དུས་ཀྱི་ལོ་རྒྱུས་སྨྲ་བ་ཕལ་ཆེ་བས་དྷརྨ་པཱ་ལའི་རྒྱལ་སྲིད་དབང་བསྒྱུར་གྱི་དུས་རབས་ ༧༧༦-༨༠༨ དང་། ཡང་ན་ ༧༧༠-༨༡༠ བར་བྱས་འདུག་ཅིང་། སྒྲོལ་བའི་མགོན་པོས་དྷརྨ་པཱ་ལ་རྒྱལ་སྲིད་དུ་འཁོད་ནས་ལོ་ཉི་ཤུ་ལྷག་གཅིག་ན་སློབ་དཔོན་འདི་སྐུ་འདས་པར་བཤད་པས། དེ་ལྟར་ན་ཕྱི་ལོ་བདུན་བརྒྱ་དགུ་བཅུ་གོ་གྲངས་ཤིག་གི་བར་བཞུགས་པར་མངོན་ཞིང་། འགྲེལ་པ་འདི་རྩོམ་པའི་དུས་རབས་ཀྱང་ ༧༧༠-༧༨༠ བར་ཞིག་ཏུ་ངེས་པ་ཡིན་ནོ། །ཞེས་གསུངས་སོ།།
རྒན་གྱའི་དཀོན་མཆོག་རྒྱ་མཚོས་བརྩམས་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་དྲང་སྲོང་ཤུལ་ལམ་ལས[10]། མངོན་པར་རྟོགས་པའི་རྒྱན་ཞེས་པ། རྗེ་བཙུན་བྱམས་པས་མཛད་པར་ཉི་སྣང་དང་རྣམ་འགྲེལ་ན་མི་གསལ་ཡང་སེང་བཟང་གི་གཞུང་དུ་ཐོག་མར་འབྱུང་ཞིང་། སེང་བཟང་ནི་རྒྱན་སྣང་མཇུག་བྱང་དུ་གསལ་བ་ལྟར་པཱ་ལ་རྒྱལ་རབས་ཀྱི་རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་གི་དུས་ཡིན་ཅིང་། དེའི་སྲིད་ལོ་ (ཕྱི་ལོ་ ༧༩༠-༨༥༣) དུས་ཡིན་པར་བཞེད་མཁན་དང་། ཕྱི་ལོ་ ༧༧༠ ནས་ ༨༡༡ བར་ཡིན་པར་བཞེད་མཁན་གཉིས་ཡོད་ཀྱང་དུས་རགས་པ་ཤེས་ཤིང་། ཆོས་གྲགས་ཀྱི་ལུང་སེང་བཟང་གིས་དྲངས་ཡོད་ཀྱང་འཕགས་པས་དྲངས་མེད་པར་དཔགས་ན་དུས་རབས་ལྔ་པའི་དཀྱིལ་ཙམ་ན་མངོན་རྟོགས་རྒྱན་བྱུང་བར་ཧ་ལམ་ཐག་ཆོད་དོ། །ཞེས་ཀྱང་བྱུང་ལ། ལ་ལས་སློབ་དཔོན་ཧ་རི་བྷ་དྲའམ་སེངྒེ་བཟང་པོ་ནི། རྒྱལ་རིགས་སུ་སྐུ་འཁྲུངས། དེ་ཡང་རྒྱལ་པོ་དྷརྨ་པཱ་ལ་དང་དུས་མཉམ་པས་དུས་རབས་ ༨ པའི་ནང་དུ་བྱོན་སྙམ། རྒྱལ་བའི་སྲས་པོ་འདིས་འགྲེལ་ཆུང་དོན་གསལ་དང་། བརྒྱད་སྟོང་འགྲེལ་ཆེན་སོགས་བསྟན་བཅོས་དུ་མ་མཛད་དོ། །ཞེས་གསུངས་སོ།།
ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[11]། རྒྱ་གར་ནུབ་ཕྱོགས་ཀྱི་རྒྱལ་པོ་ཙཀྲ་ཡུ་དྷའི་དུས་སུ་རྟོག་གེ་བ་ཆེན་པོ་དགེ་སྲུང་དང༌། སེང་གེ་བཟང་པོ་དང༌། མཛེས་བཀོད་དང༌། རྒྱ་མཚོ་སྤྲིན་དང༌། འོད་ཟེར་འབྱུང་གནས་དང༌། གང་བ་སྤེལ་དང༌། རྡོ་རྗེ་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཐུགས་སྲས་དང་བཅས་པ་རྣམས་དང༌། སངས་རྒྱས་གསང་བ་དང༌། སངས་རྒྱས་ཞི་བ་དང༌། ཁ་ཆེའི་ཡུལ་དུ་སློབ་དཔོན་པདྨ་འབྱུང་གནས་དབྱངས་དང༌། རྟོག་གེ་བ་ཆོས་འབྱུང་བྱིན་དང༌། འདུལ་འཛིན་སེང་གེའི་གདོང་ཅན་ལ་སོགས་པ་བྱུང་ངོ༌།།
དེ་དག་ལས་སློབ་དཔོན་སེང་གེ་བཟང་པོ་ནི། རྒྱལ་པོའི་རིགས་ལས་རབ་ཏུ་བྱུང་བ་གཞུང་ལུགས་དུ་མ་ལ་མཁྱེན་པ་རྒྱས་པ་ཞིག་སློབ་དཔོན་ཞི་བ་འཚོ་ལས་དབུ་མའི་གཞུང་རྣམས་དང་གདམས་ངག་རྣམས་གསན། མཁན་པོ་རྣམ་སྣང་མཛད་བཟང་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་མངོན་པར་རྟོགས་པའི་རྒྱན་གཞུང་མན་ངག་དང་བཅས་པ་གསན། དེ་ནས་ཤར་ཕྱོགས་ཁ་སརྤ་ཎིའི་ནགས་སུ་རྒྱལ་བ་མི་ཕམ་པ་བསྒྲུབས་པས་མནལ་ལམ་དུ་ཞལ་བསྟན་ནས། ད་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་འགྲེལ་པ་བྱེད་པའི་བསྟན་བཅོས་གྲུབ་མཐའ་མི་གཅིག་པ་མང་ན། སུའི་རྗེས་སུ་འབྲང་ཞུས་པས། འཐད་པའི་ཆ་སྡུས་ཤིག་ཅེས་བཀའི་གནང་བ་ཐོབ། དེ་ནས་མི་རིང་བར་རྒྱལ་པོ་དྷརྨ་པཱ་ལས་སྤྱན་དྲངས་ཏེ། ཏྲི་ཀ་ཊུ་ཀ་ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་བཞུགས་ནས་ཤེར་ཕྱིན་ཉན་པ་སྟོང་ཕྲག་མང་པོ་ལ་ཆོས་སྟོན་ཅིང༌། བརྒྱད་སྟོང་འགྲེལ་ཆེན་ལ་སོགས་པ་བསྟན་བཅོས་ཀྱང་མང་དུ་མཛད། རྒྱལ་པོ་དྷརྨ་པཱ་ལ་རྒྱལ་སྲིད་དུ་འཁོད་ནས་ལོ་ཉི་ཤུ་ལྷག་ཅིག་ན་སྐུ་འདས་སོ། །ཞེས་བྱུང་བ་ལྟར་རྒྱལ་པོ་དྷརྨ་པཱ་ལས་ཕྱི་ལོ་ (790-853) བར་རྒྱལ་སྲིད་ལོ་ ༦༤ བསྐྱངས་པས་ན། ཕྱི་ལོ་ ༨༡༠ ཙམ་ལ་སློབ་དཔོན་སེངྒེ་བཟང་པོ་མྱ་ངན་ལས་འདས་པར་གསུངས་ལ། མཁས་བཙུན་བཟང་པོ་ལགས་ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[12]། དུས་རབས་ A.D. བརྒྱ་ཕྲག་ ༩ པའི་ནང་ངོ་། །ཞེས་ཀྱང་གསལ་ལོ།།
དེ་བཞིན་སྨིན་གླིང་རབ་འབྱམས་པ་ཨོ་རྒྱན་ཆོས་ཀྱི་གྲགས་པས་ (1676-) མཛད་པའི་ཆོས་འབྱུང་བསྟན་པའི་ཉི་མ་ལས་[13]ཀྱང་། སློབ་དཔོན་སེང་གེ་བཟང་པོ་ནི་རྒྱལ་པོའི་རིགས་ལས་རབ་ཏུ་བྱུང་བ། གཞུང་ལུགས་ལ་མཁྱེན་པ་རྒྱས་ཤིང༌། སློབ་དཔོན་ཞི་བ་འཚོ་ལ་དབུ་མ་དང༌། མཁན་པོ་རྣམ་སྣང་མཛད་ལ་ཤེར་ཕྱིན་གསན། རྒྱལ་བ་མི་ཕམ་པ་བསྒྲུབས་པས་མནལ་ལམ་དུ་ཞལ་བསྟན་ནས། ཤེར་ཕྱིན་གྱི་དོན་འགྲེལ་བར་བྱེད་པའི་བསྟན་བཅོས་གྲུབ་མཐའ་མི་གཅིག་པ་མང་བས། སུའི་རྗེས་སུ་འབྲང་ཞུས་པས་འཐད་པའི་ཆ་བསྡུས་ཤིག་ཅེས་བཀའི་གནང་བ་ཐོབ། རྒྱལ་པོ་དྷརྨ་པཱ་ལས་སྤྱན་དྲངས་ནས་ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་བཞུགས་ཏེ་ཤེར་ཕྱིན་ཉན་པ་སྟོང་ཕྲག་མང་པོ་ལ་ཆོས་སྟོན་ཅིང༌། བརྒྱད་སྟོང་འགྲེལ་ཆེན་སོགས་བསྟན་བཅོས་མང་དུ་མཛད་པ་སོགས་འགྲོ་ཕན་རྒྱ་ཆེ་བར་གྲགས། ཞེས་ཕལ་ཆེར་གཅིག་མཚུངས་སུ་བྱུང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པ། ཤོག་གྲངས་ ༢༠༥
[2] སྐྱོབ་པ་འཇིག་རྟེན་མགོན་པོའི་བཀའ་འབུམ། ༼ཀ༽ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཁང་། ༢༠༡༠ ལོ། ཤོག་ ༦༨༥
[3] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པ། ཤོག་གྲངས་ ༣༥༣
[4] འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་ཀྱི་གསུང་འབུམ། ༼ཀ༽ ཤིང་དཔར་དཔེ་རིང་། (ཇ) ཤོག་གྲངས་ ༡ན༡ ནས་ ༡༧བ༦
[5] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༤༢
[6] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༥༦
[7] ཆོས་འབྱུང་དཔག་བསམ་ལྗོན་བཟང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༢༡༤
[8] མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དོན་གསལ་གྱི་གླེང་བརྗོད། ཝཱཪ་ཎཱ་ཆེས་མཐོའི་སློབ་ཁང་། ཤོག་ ཀ ནས་ ལ་བར།
[9] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཆ༽ དེབ་ཨང་ ༥༡ པ། ཤོག་གྲངས། ༡༧༢༦
[10] བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤོག་གྲངས་ ༣༦
[11] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༦༢
[12] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུལ་ཞལ། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་ ༩༣༣
[13] ཆོས་འབྱུང་བསྟན་པའི་ཉི་མ། པོད། ༼༢༽ བྲིས་མ་དཔེ་ཐུང་། ཤོག་གྲངས་ ༡༣༧ན༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༢༡ ནས་ ༡༢༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།