༥༽ རྩོད་པའི་རིགས་པ།

༥༽ རྩོད་པའི་རིགས་པ།

 

དེ་ཡང་གཉན་དགོན་སྤྲུལ་སྐུ་གསུང་རབ་པས་ (1903-1957) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ལས[1]།

རིགས་པའི་སེངྒེའི་ལུས་སྟོབས་རབ་བརྟས་ནས། །

རྟག་ཆད་ཕྱོགས་ལྷུང་མུ་སྟེགས་གཉིས་འཐུང་འབུམ། །

ཡང་དག་ལམ་དུ་བཀྲི་བའི་བརྟུལ་ཞུགས་ཀྱིས། །

ཕྱོགས་ལས་རྣམ་པར་རྒྱལ་བ་ཆོས་ཀྱི་གྲགས། །

ཞེས་བསྔགས་པ་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་རྩོད་པའི་རིགས་པའི་གཞུང་གི་ཁྱད་ཆོས་ནི། རྒྱལ་ཚབ་རྗེའི་ (1364-1432) རྣམ་ངེས་དར་ཊཱིཀ་ལས[2]། རྩོད་པའི་རིགས་པ་ནི། གཞན་གྱི་དོན་སྒྲུབ་པའི་ཚེ། ཟང་ཟིང་གི་སྦྱིན་པ་སོགས་ཀྱིས་རེ་ཤིག་པའི་བདེ་བ་ལ་སྦྱོར་ཡང་གཏན་དུ་བ་མིན་ལ། གཏན་གྱི་བདེ་བ་བསྒྲུབ་པ་ནི། གཞི་དང་ལམ་དང་འབྲས་བུ་རྣམས་ལ་མཐའ་གཅིག་ཏུ་འཛིན་པའི་ལོག་རྟོག་དང་། མཐའ་གཉིས་སུ་དོགས་པའི་ཐེ་ཚོམ་ཚད་མའི་མཐའ་ཅན་གྱི་སུན་འབྱིན་དང་སྒྲུབ་ངག་གིས་བསལ་ནས་ཡང་དག་པའི་ལམ་ལ་སྦྱར་བ་ཁོ་ནས་འགྲུབ་པའི་རྩོད་པའི་ཚུལ་ཤེས་པའི་ཡན་ལག་ཏུ་མཛད་དོ། །ཞེས་གསུངས་པ་ལྟར་དང་། ཡང་སྙིང་སློབ་དཔོན་ཆོས་གྲགས་ཀྱི་གཞུང་འདི་གཙོ་ཆེར་རིགས་པ་ཅན་པའི་རྩོད་སྤོང་ཆེད་བརྩམས་པ་ཞིག་ཡིན། སློབ་དཔོན་ཆོས་གྲགས་ཀྱི་གཞུང་གི་ནང་ནས་གཞུང་འདིར་སྐད་ཅིག་མའི་སྒྲུབ་བྱེད་ཀྱི་རིགས་པའི་འཕེལ་རིམ་རྩེ་མོར་སླེབས་པར་བརྟེན་གོང་ཞུས་བཞིའི་རྗེས་སུ་བརྩམས་པར་འདོད་པ་ལྟར་འཐད། བོད་འགྱུར་དང་ལེགས་སྦྱར་ཕྱི་མོ་གཉིས་ཀ་བཞུགས་པར་མ་ཟད་འགྲེལ་པ་ཡང་དུལ་བ་ལྷའི་རྩོད་པའི་རིགས་པའི་འགྲེལ་པ་དང་། མཁན་ཆེན་ཞི་བ་འཚོའི་རྩོད་པའི་རིགས་པའི་འགྲེལ་པ་དོན་རྣམ་འབྱེད་བཅས་གཉིས་བཞུགས། རྩོད་པའི་རིགས་པའི་ལེགས་སྦྱར་ཕྱི་མོ་དང་། ཞི་བ་འཚོའི་རྩོད་པའི་རིགས་པའི་འགྲེལ་པའི་ལེགས་སྦྱར་ཕྱི་མོ་ནི་བྲིས་མ་རྙེད་མཁན་གྱི་པཎྜི་ཏ་སྒྲ་གཅན་གྱིས་ཞུ་ཆེན་དང་སྦྲགས་པར་སྐྲུན་དང་།[3] དེ་རྗེས་ཤ་སྟྲིས་སྒྲ་གཅན་གྱི་ཞུས་ཆེན་ལ་གཞི་བཅོལ་ཏེ་རྩོད་པའི་རིགས་པའི་ལེགས་སྦྱར་ཕྱི་མོ་དང་། ཞི་བ་འཚོའི་རྩོད་པའི་རིགས་པའི་འགྲེལ་པའི་ལེགས་སྦྱར་ཕྱི་མོར་ཞུ་ཆེན་དང་སྦྲགས་པར་སྐྲུན་གནང་འདུག་ཀྱང་།[4] བློ་ཕམ་པ་ཞིག་ལ་མཁས་པ་དེ་དག་གིས་ཞུས་ཆེན་གནང་སྐབས་ཟུར་ལྟའི་དཔྱད་གཞིར་མེད་མི་རུང་བའི་བོད་འགྱུར་དང་མ་བསྡུར་བར་བརྟེན་ནོར་བ་དང་ཞུ་དག་ངེས་འདྲོངས་མ་ཐུབ་པ་མང་དག་ཅིག་ཡོད་པ་རྣམས་མཁས་པ་གཉིས་ཀྱིས་དག་བཅོས་གནང་འདུག[5]  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  སྤྲུལ་སྐུ་གསུང་རབ་པའི་གསུང་རྩོམ་གཅེས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ ལོ། ཤོག་ ༤༡༣

[2]  ཚད་མ་རྣམ་ངེས་ཊཱིཀ་ཆེན། སྟོད་ཆ། ༼ཀ༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ལོ། ཤོག་གྲངས་ ༦

[3]  R. Sankrtyayana ed. Dharmakirti’s VADANYAYA with the commentary of Santaraksita, Appendix to Journal of the Bihar and Orissa Research Society Vols. XXI & XXII, 1935=1936.

[4]  S. Dwarikadas Shastri ed. Vanadanyayaprakarana of Acharya Dharmakirti with the commentary of Acharya Prabhacandra, Bauddha Bharati Series 8, Varanasi, 1972.

[5]  E. Seinkellner, Miszellen zur erkenntnistheoretisch-logischen Schedule des Buddhismus, Wiener Zeitschift fur die Kunde Sud-und asiens XXIX, 1985; G. Roth, A lost passage of Santaraksita’s Sanskrit commentary on Dharmakirti’s Vadanyaya, philosophical Essays, Professor Anantalal Thakur Felicitation Volume, Calcutta, 1988.

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༥༨ ནས་ ༤༥༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *