ཛ༽ ལོ་ཙཱ་བ་གསོ་སྐྱོང་དང་བཀའ་བསྟན་སྒྱུར་ཚུལ།
དེ་ཡང་ཡར་རྗེ་ཨོ་རྒྱན་གླིང་པས་ (1323-?) གཏེར་ནས་བཞེས་པའི་པདྨ་བཀའ་ཐང་ལས[1]། ཆོས་རྒྱལ་འཇམ་དབྱངས་རྒྱལ་པོའི་སྐུའི་སྤྲུལ་པ། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་རིང་ལ། །ལོ་ཙཱ་པ་གོར་བཻ་རོ་ཙ་ན་བྱོན། །རྒྱ་གར་ཐེག་ཆེན་དམ་ཆོས་བོད་དུ་བསྒྱུར། །ཞེས་གསུངས་པ་ལྟར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་[2]ཀྱང་།
དེ་ནས་ཆོས་རྒྱལ་སྲོང་ལྡེ་བཙན་གྱིས་མཁན་ཆེན་བོ་དྷི་ས་ཏྭ་རྙེད་བཀུར་ཚད་མེད་པས་མཆོད་ཅིང་། བོད་ཁམས་འདིར་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བར་ཞུས་ཏེ། དེའི་འཕྲིན་ལས་ཀྱི་གྲོགས་སུ་ལོ་ཙཱ་མཁས་པ་ཡང་མང་དུ་བསླབས། རྒྱ་གར་ནས་སློབ་དཔོན་བི་མ་ལ་མི་ཏྲ་དང་། སློབ་དཔོན་སངས་རྒྱས་གསང་བ་སོགས་མཁས་ཤིང་གྲུབ་པའི་པཎྜི་ཏ་ཆེན་པོ་མང་དུ་སྤྱན་དྲངས། རྒྱལ་བའི་བཀའ་དང་བསྟན་བཅོས་མཐའ་ཡས་པ་ (༧༧༧ ལོར་སྒྱུར་འགོ་ཚུགས།) བསྒྱུར། གང་བསྒྱུར་བའི་ཆོས་དེ་དག་ཐམས་ཅད་ལ་ལོ་ཆེན་མཁས་པ་རྣམས་ཀྱིས་ཞུས་ཏིག་ཡང་དག་པར་བྱས། དེ་དག་ཐམས་ཅད་ཀྱང་ཆོས་རྒྱལ་ཉིད་ཀྱི་སྤྱན་ལམ་དུ་ཕབ་ནས་ཆོས་ལྟར་བཅོས་པའི་བསྲེ་བསླད་ཕྲ་མོའང་མེད་པར་མཛད། བོད་ཀྱི་ཁམས་ཐམས་ཅད་ལ་ཁྲིམས་འདི་ལྟར་བསྒྲགས་ཏེ། བོད་ཀྱི་མངའ་འོག་ན་གནས་པ་ཐམས་ཅད་ཀྱིས་དམ་པའི་ཆོས་ཚུལ་བཞིན་དུ་བྱ་བ་དང་། རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་རྣམས་ལ་ལྷག་ཏུ་གུས་པར་བྱ་བ་དང་། ཆོས་བྱེད་པ་རྣམས་ཀྱིས་ཀྱང་མཁན་ཆེན་བོ་དྷི་ས་ཏྭས་བོད་ཁམས་འདིར་རྒྱལ་བསྟན་གྱི་སྲོལ་ཇི་ལྟར་བཏོད་པ་ལྟར་འདུལ་བའི་བཅས་ཁྲིམས་རྣམ་པར་དག་པའི་གཞི་བཟུང་ནས་སྤྱོད་པ་རྣམ་པར་དག་པར་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་དགོངས་པ་ཇི་ལྟར་བཀྲལ་བའི་ལྟ་བ་རྣམ་པར་དག་པ་དེ་ཁོ་ན་བཞིན་བྱ་དགོས་པའི་བཀའ་ཁྲིམས་བསྒྲགས་སོ། །འདིའི་སྐོར་ཞིབ་ཕྲ་ལོ་ཙཱ་བའི་བྱུང་འཕེལ་དང་། ཡིག་སྒྱུར་གྱི་རྣམ་གཞག་ཐད་སྡེ་ཚན་ཟུར་དུ་བྱས་ཡོད་པ་དེར་གཟིགས་པར་འཚལ།།
བཀའ་བསྟན་བསྒྱུར་བའི་དུས་རབས་ལ་མཚོན་ནའང་། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[3]། ལེགས་སྦྱར་གྱི་སྐད་སྦྱོང་རྒྱུ་དང་བཀའ་བསྟན་བསྒྱུར་རྒྱུའི་ཕྱག་ལས་ཀྱང་སད་མི་རྣམས་རབ་ཏུ་བྱུང་བ་དང་ལོ་གཅིག་པ་ས་མོ་ལུག་ཕྱི་ལོ་ ༧༧༧ ལོ་དེ་རང་ལ་འགོ་ཚུགས་ཡོད་པ་དེའི་ཁུངས་ཀྱང་གོང་དུ་རྒྱས་པར་དྲངས་ཟིན་པ་ལྟར། མཁས་པའི་དགའ་སྟོན་དུ་བཀོད་པའི་རྦ་བཞེད་ཆེ་བ་ལས། ལུག་གི་ལོ་ཕྱི་ཟླ་ར་བའི་ངོ་ལ་སློབ་དཔོན་གྱིས་ཐམས་ཅད་ཡོད་སྨྲའི་སྡེ་དབུས་པ་བྱེ་བྲག་ཏུ་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ནས་ཞང་བློན་གྱི་བུ་རྣམས་ལ་སློབ་དཔོན་གྱིས་རྒྱ་སྐད་བསླབས་པས་མཆིམས་ཨ་ནུའི་བུ་ཤཱཀྱ་པྲ་བྷ་དང་། པ་གོར་ཧེན་འདོད་ཀྱི་བུ་བཻ་རོ་ཙ་ན་དང་། རྦ་ཁྲི་བཞེར་གྱི་བུ་ཁྲི་གཟིགས་སམ་སང་ཤི་དང་། ཞང་ཉ་བཟང་གི་བུ་ལྷ་བུ་ལྷ་བཙན་དང་། ཤུང་བུ་ཁོང་ལེབ་རྣམས་ཀྱིས་སྐད་ལོབ། ཅེས་གསལ་བ་ལྟར་རོ།།
ཐོག་མར་བཀའ་བསྟན་གང་དང་གང་བསྒྱུར་བ་ནི། མཁས་པའི་དགའ་སྟོན་དུ་དྲངས་པའི་རྦ་བཞེད་དང་མཐུན་པར་རྦ་བཞེད་ཞབས་བཏགས་མ་ལས། རྒྱའི་ལོ་ཙཱ་ནི་ལོ་ཙཱ་ཆེན་པོ་ཡེ་ཤེས་དབང་པོ། མཆན་བུ་ཁ་ཆེ་ཨ་ནན་ཏ་དང་། རྒྱ་མེ་འགོས་བྱས། རྒྱ་ནག་པོའི་ལོ་ཙཱ་ནི་བྲེན་ཀ་ལེགས་ཀོང་དང་། ལྷ་ལུང་ཀླུ་གོང་དང་། འགོ་འགོམ་དམུལ་གོང་གསུམ། དེའི་མཆན་བུ་མཁན་བུ་ཁྱུང་པོ་རྩེ་རྩེ་ལ་སོགས་པས་བྱས། རྒྱའི་ཧ་ཤང་མ་ཞང་མེ་སྐོལ་སྤྱན་དྲངས་ནས་རྒྱ་ནག་པོའི་ཆོས་བསྒྱུར། རྒྱ་དཀར་པོའི་ཆོས་བསྒྱུར་བ་ཡང་། རྩ་བའི་སྡེ་བཞི་གནས་པ་ལ། ཕལ་ཆེན་པའི་སྡེ་པ། གནས་བརྟན་པའི་སྡེ་པ། མང་པོས་བཀུར་བའི་སྡེ་གསུམ། ཤལ་ཡངས་པས་བོད་ལ་མི་འཚལ་བར་མཁྱེན་ནས་མ་བསྒྱུར། དང་པོ་ལུང་སྡེ་བཞི་པོ་བསྒྱུར།
དེ་ནས་རྩ་བའི་ལུང་ཉི་ཤུ་པ་དང་། གང་པོའི་རྟོགས་པ་བརྗོད་ཉུང་བ་བསྒྱུར། མངོན་པར་ཉོས་ཀྱི་ཀ་ཤ་བསྒྱུར། ཡོ་ག་མུ་སྟེགས་བྱེད་དགེ་བ་ལ་བཟུད་པའི་ཆེད་དུ་གཙང་སྨེ་མེད་པར་བསྟན་པ་ཆོས་གཞུང་ཇི་ལྟར་བ་མ་གཏོགས་ཏེ། ལོག་པར་འཇལ་བའི་རྟོག་པར་གྱུར་པས་བོད་ལ་མི་འཚམ་པས་མ་བསྒྱུར། ཀྲི་ཡ་བྲམ་ཟེ་དགེ་བ་ལ་བཞུགས་པའི་དོན་དུ་གསུངས་ཏེ། བོད་གཙང་སྦྲ་ཆུང་བས་མ་བསྒྱུར། ཨ་ནུ་སྨེ་བག་ཅན་ལ་བསྟན་པ་བོད་རྣམ་རྟོག་ཆེ་བས་མ་བསྒྱུར། ཨུ་ཕ་ལ་བོད་ལ་རན་པར་མཁྱེན་ནས་ཡེ་ཤེས་དབང་པོས་གསོལ་ནས་བསྒྱུར། མདོ་སྡེ་དང་གཟུངས་རྒྱ་གར་ཡུལ་དུ་མ་ལུས་པ་ཙམ་བཙན་པོའི་ཐུགས་ལ་བཅགས་པ་ཙམ་བསྒྱུར།
དེ་ནས་བཙན་པོ་ན་རེ་ཡེ་ཤེས་དབང་པོ། རྒྱ་དང་རྒྱ་དཀར་གྱི་དྷར་མ། ཐེག་པ་ཆེན་པོའི་ཆོས་ཀྱི་དཔེ་ཕལ་ཆེར། དཔལ་ཤྲཱི་ན་ལེན་ཏྲ་ན་ཡོད་པ་དེ་མེས་ཚིག །དེའི་དཔེ་ད་ལྟ་རྒྱ་ནག་ན་ཚང་བར་ཡོད་པ་ཤས་ཤིག་མ་འགྱུར་བ་ངའི་ཡིད་ལ་བཅགས་སོ་གསུངས། དེའི་ཚེ་གུས་པ་ཡོད་པ་ཀུན་གྱིས་བཀའ་རྙེད་ཚད་བསྒྱུར་རོ། །ཞེས་གསལ་བ་ལྟར་དང་། ཕྱོགས་མཚུངས་སྐབས་དེར་རྒྱ་ནག་གི་སྐད་ཐོག་བཞུགས་པའི་བཀའ་བསྟན་ཡང་སྒྱུར་འགོ་བཙུགས་ཡོད་པ་དེ་དག་གི་བྱུང་བའང་མཁས་པའི་དགའ་སྟོན་དུ་བཀོད་པའི་རྦ་བཞེད་ལས། རྒྱ་ནག་པོའི་ལོ་ཙཱ་བྲན་ཀ་ལེགས་ཀོང་དང་། ལྷ་ལུང་ཀླུ་གོང་དང་། འོག་གོམ་དབུས་གོང་དང་། ཁྱུང་པོ་རྩེ་རྩེ་སོགས་ཀྱིས་བྱས། རྒྱའི་ཧ་ཤང་མ་ཀོ་ལེ་སྤྱན་དྲངས་ནས་ཆོས་བསྒྱུར་བ་ལས། རྦ་རཏྣས་ཤེས་རབ་འབུམ་ཐོག་མར་བསྒྱུར་བའི་ཚེ། བོད་ཁམས་སུ་འབུམ་སྡེ་རྒྱས་པར་འགྱུར། དེའི་བསོད་ནམས་དང་བྱིན་གྱིས་འཇིག་རྟེན་གྱི་ཁམས་སུ་ཐེག་པ་ཆེན་པོ་སྤྱོད་པ་ཤ་སྟག་སྐྱེའོ་ཞེས་རྨི་ལམ་དུ་ལུང་བསྟན། རྦ་བྲན་མཁན་པོ་མཉྫས་ཤེས་རབ་འབུམ་བཙན་པོ་ཁྲི་སྲོང་ལྡེ་བཙན་རྗེ་འབངས་ལ་བཤད་པའི་ཚེ་བཙན་པོ་མཉེས་ནས་ཕྱག་དབུ་ལ་བྱུགས་ཏེ་བྱ་དགའ་ཆེ་ཐང་དུ་གསོལ། ཞེས་པ་ནས། འཚོ་བ་ཐམས་ཅད་བླ་ཆེན་པོ་ནས་སྦྱར་ཏེ་ཚང་མ་ཀེ་རུ་གླིང་ནས་གཡོས་ས་བྱས་ཏེ་རབ་ཏུ་བྱུང་བ་སུམ་བརྒྱ་ལ་ཟས་སྣ་བཅུ་གསུམ་རེ་འདྲེན་པའི་ལས་དཔོན་ཇོ་མོ་བྱང་ཆུབ་རྗེས་མཛད། ཅེས་གསལ་བ་ལ་ཞིབ་ནའང་ཅུང་ཟད་ཚོད་དཔག་ནུས། ལེགས་སྦྱར་མ་དཔེ་རྩ་རླག་ཏུ་ཕྱིན་པ་རྣམས་རྒྱ་ནག་སྐད་ཐོག་བཞུགས་ཡོད་པར་བོད་པས་ཤེས་ཚུལ་འདི་ཡང་ཏུང་ཧང་ཡིག་རྙིང་དུ་ཤེས་རབ་འབུམ་སོགས་བཀའ་བསྟན་མང་པོ་ཞིག་གི་མཚན་བོད་ཡིག་དང་རྒྱ་ནག་གི་ཡི་གེ་ཤན་སྦྱར་དུ་བཀོད་ནས་མཇུག་ཏུ་དཔལ་དབྱངས་བྲིས་ཏེ་ཞུས་ཞེས་གསལ་བ་སོགས་ལ་གཞིགས་ན་དཔལ་དབྱངས་ཀྱིས་དེ་སྔོན་རྒྱ་ནག་ལ་བཀའ་བསྟན་རྩད་ཞིབ་ཆེད་ཕེབས་མྱོང་ཡོད་པས་ན། སྐབས་དེར་ཤེས་པའང་ཚོད་དཔག་བྱེད་ནུས། དབྱིངས་གསལ་ལྟར་བོད་ཀྱི་གསུང་རྒྱུན་ལ་ཧྭ་ཤང་མ་ཀོ་ལེ་སོགས་སྤྱན་དྲངས་ཏེ་འབུམ་བསྒྱུར་བའི་སྐོར་སོགས་གོང་དུ་བཀོད་པ་དེ་ལྟར་ཡང་། ཏུང་ཧང་ནས་རྙེད་པའི་རྒྱ་ནག་ཡིག་ཐོག་བྲིས་པའི་གཤམ་དུ་ཞིབ་ཏུ་བརྗོད་རྒྱུའི་རིགས་པ་ཡང་དག་ངེས་པར་ཧྭ་ཤང་མཧཱ་ཡ་ན་རང་ཉིད་ཀྱིས་གཙོས་པའི་རྒྱ་ནག་གི་མི་གསུམ་ཡུལ་དག་པར་(བསམ་ཡས)བཞུགས་ཏེ་བཀའ་བསྟན་བསྒྱུར་ཡོད་པར་གསལ་ལོ། །ཞེས་གསལ་བ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ དེབ་གཟུགས། ཤོག་གྲངས། ༡༢༠
[2] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༩༧
[3] དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༧༩༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༧༩ ནས་ ༢༨༣ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།