༡༢༽ སློབ་དཔོན་དཔལ་ལྡན་ཆོས་སྐྱོང་།
དེ་ཡང་སློབ་དཔོན་དཔལ་ལྡན་ཆོས་སྐྱོང་ངམ་གྲུབ་ཆེན་བི་རཱུ་པ་མཆོག་ནི། བླ་མ་རྡོ་རྗེ་གདན་པས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས[1]།
ཆུ་བོ་ཆེན་པོ་གྱེན་དུ་བཟློག །ཆང་ལ་ཉི་མ་གཏིང་པར་བཅུག །
བི་རཱུ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །
ཞེས་བསྟོད་ཕྱག་མཛད་ཡུལ་གྲུབ་ཆེན་བི་རཱུ་པའམ། སློབ་དཔོན་དཔལ་ལྡན་ཆོས་སྐྱོང་ (530-569) ཞབས་དུས་ནམ་ཞིག་བྱོན་པ་ནི། འཇམ་མགོན་མཁྱེན་བརྩེའི་ (1847-1914) ལམ་འབྲས་སློབ་བཤད་ཁྲིད་ཡིག་ཏུ་[2]ལུང་དྲངས་པའི་འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང༌། །ཞེས་པ་ནས། ལོ་ནི་དྲུག་བརྒྱར་འཚོ་བར་འགྱུར། །ཞེས་གསུངས་པ་ལྟར། སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ནས་ཀླུ་སྒྲུབ་བྱོན། འཛམ་བུ་གླིང་དུ་མི་ལོ་དྲུག་བརྒྱ་བཞུགས། སྐུ་ཚེའི་སྨད་ཀྱི་སློབ་མ་ཨཱརྱ་དེ་ཝ་ཡིན་ལ། དེའི་སློབ་མ་རྣལ་འབྱོར་དབང་ཕྱུག་ཡིན་པར་བཤད། སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ནས་ཐོགས་མེད་བྱོན། ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །ཞེས་ལོ་ཕྱེད་དང་ཉིས་བརྒྱ་བཞུགས་པར་བཤད་ལ། ཐོགས་མེད་ཀྱི་སློབ་མ་རྣལ་འབྱོར་དབང་ཕྱུག་ཡིན་ཅིང༌། རྣལ་འབྱོར་དབང་ཕྱུག་གི་སློབ་མ་ཞི་བ་འཚོ་ཡིན་པར་བཤད་པས། མདོར་ན། སྟོན་པ་མྱ་ངན་ལས་འདས་ལོ་སྟོང་དང་ཉི་ཤུ་ཙམ་ན་རྣལ་འབྱོར་དབང་ཕྱུག་བྱོན་པའོ། །ཞེས་གྲུབ་ཆེན་བི་རཱུ་པ་ནི་འཕགས་པ་ལྷ་དང་འཕགས་པ་ཐོགས་མེད་གཉིས་ཀྱི་སློབ་མ་ཡིན་པར་མ་ཟད། ཁོང་གི་སློབ་མ་དཔལ་ནཱ་ལེནྡྲའི་པཎ་གྲུབ་ཀྱི་ཁྱུ་མཆོག་མཁན་ཆེན་ཞི་བ་འཚོ་ཡིན་པར་གསུངས། རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་རྣམ་ཐར་སྐབས་སློབ་དཔོན་ཆོས་སྐྱོང་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོའི་སློབ་མ་དང་། དཔལ་ལྡན་ཆོས་གྲགས་ཀྱི་བླ་མ་ཡིན་པར་ཡང་གསལ་ལོ།།
མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[3]། འདས་ལོ་ནས་ལོ་སྟོང་དང་བརྒྱད་བརྒྱ་ཉེར་དགུ་འདས་པའི་སུམ་ཅུ་པ་མེ་མོ་སྦྲུལ་ལ་ (ཕྱི་ལོའི་སྔོན་གྱི་ལོ་ 303) གནས་བརྟན་ཆོས་སྐྱོང་དཔལ་ལྡན་བཻ་རཱུ་པ་བྱོན། ཁོང་གི་དོན་གཉིས་ལོན་པ་ས་ཕོ་འབྲུག་གི་ས་ག་ཟླ་བའི་ཉེར་གསུམ་ལ་བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་བཅུག་སྟེ་ས་དང་པོ་བརྙེས། ཉེར་དགུའི་དགོང་ས་དྲུག་པ་བརྙེས་སོ། །བརྟུལ་ཞུགས་ཀྱི་སྒོ་ནས་རྒྱལ་བའི་བསྟན་པ་གསལ་བར་མཛད་ཅིང་། སློབ་མའི་གཙོ་བོ་ཤར་ཕྱོགས་ནག་པོ་པ་ལ་གསུང་ངག་རྡོ་རྗེའི་ཚིག་རྐང་གི་སྒོ་ནས་སྐལ་དམན་རིམ་འཇུག་པའི་ལམ་བཟང་དང་། ཌོམྦྷི་པ་ལ་སྤྲོས་མེད་རྡོ་རྗེའི་ཚིག་རྐང་གི་སྒོ་ནས་སྐལ་ལྡན་ཅིག་ཅར་བའི་ལམ་བཟང་བསྟན་པའི་སྒོ་ནས་རྡོ་རྗེ་ཐེག་པའི་བསྟན་པ་གསལ་བར་མཛད། བཻ་རཱུ་པ་བྱོན་པའི་མེ་སྦྲུལ་ནས་ལོ་སྟོང་དང་བརྒྱད་བརྒྱ་རེ་བརྒྱད་པ་ནི་ཤིང་བྱི་འདིའོ། །བིར་ཝ་པ་འདི་ཉིད་སྭ་ཝ་ན་ཐའི་རྡོའི་སྐུ་ལ་ཐིམ་ནས་ད་ལྟ་ཡང་སྐལ་ལྡན་དང་དངོས་སུ་མཇལ་བའི་སྐབས་ཡོད་ཀྱི་སྐུ་མྱ་ངན་ལས་འདས་པའི་ཚུལ་ནི་མ་བསྟན་ཏོ། །ཞེས་གསུངས་སོ།།
གཞན་ཡང་འཁྲུངས་ཡུལ་དང་རིགས་གང་ཡིན་པ་སོགས་ནི། ༸རྒྱལ་དབང་ལྔ་པ་ཆེན་པོས་ (1617-1682) མཛད་པའི་ཚར་ཆེན་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་གྱི་རྣམ་ཐར་ལས[4]། སློབ་དཔོན་འདི་རྡོ་རྗེ་གདན་གྱི་ཤར་ཕྱོགས་བི་ཥ་སྨན་གྱི་དབང་པོའི་གྲོང་ཁྱེར་ན་རྒྱལ་པོ་གསེར་གྱི་འཁོར་ལོའི་སྲས་སུ་སྐུ་བལྟམས་པར་མཚན་མཁན་གྱིས་མཐུ་སྟོབས་ཀྱི་སྒོ་ནས་བསྟན་པ་གསལ་བར་འགྱུར། ཞེས་ལུང་བསྟན་ནས་མཚན་དངུལ་གྱི་འཁོར་ལོར་གསོལ། སོ་མ་པཱུ་རིར་མཁན་པོ་དུལ་བའི་ལྷ་ལ་རབ་ཏུ་བྱུང་སྟེ་རིག་པའི་གནས་ལྔ་ལ་སྦྱངས། ནཱ་ལནྡར་མཁན་པོ་ཆོས་ཀྱི་བཤེས་གཉེན་ལ་བསྙེན་པར་རྫོགས་ཤིང་། ཐེག་པ་ཆེ་ཆུང་གི་ཆོས་མཐའ་ཀླས་པ་དང་། ཁྱད་པར་རྣལ་འབྱོར་གསང་མཐའ་འཁོར་ལོ་སྡོམ་པ་གསན། གནས་བརྟན་དཔལ་ལྡན་ཆོས་སྐྱོང་ཞེས་གྲགས་ཏེ་ནཱ་ལནྡའི་མཁན་པོར་གྱུར། ཞེས་གསུངས་ལ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་བི་རཱུ་པའི་རྟོགས་བརྗོད་ལས་འཕྲོས་པའི་བསྟོད་པ་ཨུཏྤལའི་ཕྲེང་བ་ལས་[5]ཀྱང་།
མངོན་མཐོའི་རྒྱལ་སྲིད་སྤངས་ནས་ནཱ་ལེནྡཱར། །
གཞི་ཀུན་ཡོད་སྨྲའི་སྡེ་ལས་རབ་ཏུ་བྱུང༌། །
གཞུང་ལུགས་རྒྱ་མཚོའི་མཐར་སོན་མཁས་པའི་མཆོག །
མཁན་པོ་དཔལ་ལྡན་ཆོས་སྐྱོང་གྲགས་ལ་འདུད། །
ཅེས་གསུངས་པ་ལྟར། གང་དུ་རབ་ཏུ་བྱུང་བ་དང་། གང་གི་དྲུང་ནས་རབ་ཏུ་བྱུང་མིན་བཞེད་པ་མི་མཐུན་ནོ།།
དེ་བཞིན་དཔལ་ནཱ་ལེནྡྲར་རབ་ཏུ་བྱུང་བའི་ཚུལ་ནི། སློབ་དཔོན་འཇིགས་མེད་གྲགས་པས་མཛད་པའི་རྣལ་འབྱོར་གྱི་དབང་ཕྱུག་བིར་ཝ་པའི་བསྟོད་པ་ལས[6]།
རྒྱལ་རིགས་དཔལ་ལྡན་ནཱ་ལེནྡྲར། །རབ་བྱུང་གནས་ལྔ་ཀུན་ལ་མཁས། །
མཚུངས་མེད་ཤིང་རྟ་ཆེན་པོ་སྟེ། །དཔལ་ལྡན་ཆོས་སྐྱོང་ཞབས་ལ་འདུད། །
ཅེས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་རབ་ཏུ་བྱུང་བར་གསུངས་ལ། ས་སྐྱ་རྗེ་བཙུན་གྲགས་པ་རྒྱལ་མཚན་ (1147-1216) གྱིས་མཛད་པའི་རྒྱུད་སྡེའི་དུམ་བུ་བརྒྱ་བཅུ་གསུམ་པ་ལས[7]། བླ་མ་རྒྱ་གར་བའི་ལོ་རྒྱུས་ལས། བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །འདིའི་ལོ་རྒྱུས་ནི། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ཞེས་བྱ་བ་འདི་རྒྱལ་པོའི་རིགས་རྒྱལ་སྲིད་སྤངས་པ་ཞིག་ཡིན་པ་ལ། དཔལ་ནཱ་ལེནྡྲ་ན་སྤྱིར་སྡེ་པ་བཞི་ཡོད་པ་ལས། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་མཁན་པོ་དྷརྨ་མི་ཏྲ་ཞེས་བྱ་བའམ། རྣམ་པར་རྒྱལ་བའི་ལྷ་ཞེས་བྱ་བ་ལས་རབ་ཏུ་བྱུང་སྟེ། མཚན་ཡང་ཤྲཱི་དྷརྨ་པཱ་ལ་ཞེས་བྱ་བར་བཏགས། མཁན་པོ་དེ་ཉིད་ཀྱིས་འཁོར་ལོ་བདེ་མཆོག་གི་གདམས་ངག་ཀྱང་གནང་། སྤྱིར་ཡང་རང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་གྱུར་ཏོ། །དེ་ནས་མཁན་པོ་དེ་འདས་པ་དང༌། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་པཎྜི་ཏ་ཐམས་ཅད་ཀྱི་མཁན་པོ་ཆེན་པོར་གྱུར་ཏོ། །ཞེས་རབ་བྱུང་གི་མཁན་པོའི་མཚན་མཚུངས་ཀྱང་། རབ་ཏུ་བྱུང་ཡུལ་གྱི་གཙུག་ལག་ཁང་གང་ཡིན་མི་མཐུན་ནོ།།
དེ་བཞིན་ཐང་སན་ (603-664) ལམ་ཡིག་ལས[8]། གྲོང་ཁྱེར་ཀཎྚི་པཱུ་ད་ནི་བྱང་ཆུབ་སེམས་དཔའ་དཔལ་ལྡན་ཆོས་སྐྱོང་གི་འཁྲུངས་ཡུལ་ལོ། །དེའི་ལོ་རྒྱུས་ནི། སློབ་དཔོན་དེ་ནི་ཡུལ་འདིའི་བློན་པོ་ཆེན་པོ་ཞིག་གི་བུར་འཁྲུངས་གཞོན་ནུའི་དུས་སུའང་། དམངས་མ་དང་མི་འདྲ་བར་ན་ཕྲ་མོ་ནས་རྒྱལ་ཁམས་ཉུལ་བ་ལ་དགའ་བ་ཞིག་ཡིན་པས། སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་བཞུགས་ཆེད་ལ་ཕྱིན་ཅིང་ཞིབ་གཟིགས་གནང་བས་མི་ཕལ་ཆེར་གྱིས་རྐུས་བྱེད་པར་དོགས་ནས་རྒྱུ་མཚན་དྲིས་པ་ན། གཟུགས་བརྙན་གྱི་རྒྱུ་མཚན་དང་མཚན་ཉིད་ཕན་ཡོན་དང་བཅས་གང་དྲིས་ཐམས་ཅད་ལ་ལན་ཐོགས་རྒྱུག་མེད་པས། ཐམས་ཅད་ཀྱིས་རབ་ཏུ་བྱུང་བར་བསྐུལ་ལོ། །མི་རིང་བར་རྒྱལ་པོས་ཀྱང་གསན་ནས་ངོ་མཚར་བའི་སྐྱེས་དང་བཅས་རབ་ཏུ་བྱུང་བར་བསྐུལ་མ་མཛད་པར་རྟེན་རབ་ཏུ་བྱུང་སྟེ། ནང་པའི་མཁས་པ་རྣམས་དང་ཕྱི་པའི་མཁས་པ་ཐམས་ཅད་ཀྱིས་འགྲན་གྱིས་དོ་མེད་པ་ཞིག་གོ །ཞེས་གོང་གསལ་གསུང་འབུམ་ཁག་གཉིས་སུ་རྒྱལ་རིགས་སུ་འཁྲུངས་པར་གསུངས་ཀྱང་། རྒྱའི་ཡིག་ཆར་བློན་པོའི་བུར་འཁྲུངས་པར་གསལ་ལོ།།
དེ་བཞིན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1899) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[9]།
བི་རཱུ་པཱཀྵ་མཚོ་སྐྱེས་ལ་ལི་ཏས། །
གཤེད་དམར་དགྱེས་རྡོར་རྟོག་པ་བདུན་སོགས་བླངས། །
སློབ་དཔོན་ལཱུ་ཡི་པའི་འོག་ཙམ་དུ་ནཱ་ལནྡའི་མཁན་པོ་རྒྱལ་བའི་ལྷའི་སློབ་མ་བི་རཱུ་པ་བྱུང་སྟེ། སློབ་དཔོན་ཀླུའི་བྱང་ཆུབ་ལས་གཤིན་རྗེ་གཤེད་ཀྱི་དབང་དང་གདམས་ངག་ཞུས་ཏེ་བསྒོམས་པས་གྲུབ། བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དངོས་སུ་བྱོན་ནས་དབང་བསྐུར་བས་རིམ་གྱིས་ས་དྲུག་པ་བརྙེས། ཝཱ་རཱ་ཎ་སཱིའི་མུ་སྟེགས་ཀྱི་རྒྱལ་པོ་སོགས་མུ་སྟེགས་བྱེད་མང་པོ་རྫུ་འཕྲུལ་གྱིས་བཏུལ། ཨུ་རྒྱན་ནས་གཤིན་རྗེ་གཤེད་དམར་པོའི་རྒྱུད་སྤྱན་དྲངས། དེའི་སྒྲུབ་ཐབས་སོགས་བརྩམས་ཏེ་འགྲོ་དོན་དང་བསྟན་པ་ལ་བྱ་བ་བླ་ལྷག་ཏུ་མཛད། ཅེས་གསལ་ལོ།།
ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[10]། སློབ་དཔོན་ཆོས་སྐྱོང་ནི། ལྷོ་ཕྱོགས་ཀྱི་རྒྱུད་དུ་འཁྲུངས་པ། སྙན་དངགས་མཁན་གྱི་རིགས་ལས་བྱུང་བ། དགེ་བསྙེན་དུ་གནས་པའི་དུས་ནས་སྙན་དངགས་མཁན་ཆེན་པོ་ཕྱི་ནང་གི་གཞུང་ལུགས་ཕལ་ཆེར་ཤེས་པ་ཞེས་སློབ་དཔོན་ཆོས་འབངས་ལས་རབ་ཏུ་བྱུང་ཞིང་འདུལ་བ་ཉན་ནས། མཁས་པ་ཆེན་པོར་གྱུར་པ་ན་ཡུལ་དབུས་སུ་བྱོན། སློབ་དཔོན་ཕྱོགས་ཀྱི་གླང་པོ་ལས་སྡེ་སྣོད་ཡན་ལག་དང་བཅས་པ་ཐམས་ཅད་སླར་ཡང་ཉན་ཏེ་མཁས་པའི་དབང་ཕྱུག་ཏུ་གྱུར་པ། མདོ་སྡེ་ཆེན་པོ་བརྒྱ་རྩ་འདོན་པ། དེས་རྡོ་རྗེ་གདན་དུ་བྱོན་ནས་ལྷག་པའི་ལྷ་རྣམས་ལ་བསྟོད་པ་མང་དུ་བྱས། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་བསྒྲུབས་པས་བྱང་ཆུབ་ཀྱི་ཤིང་གི་རྩེ་མོ་ལ་བྱོན་པ་གཟིགས། དེ་ཕྱིན་ཆད་ནས་འཕགས་པ་ནམ་མཁའི་སྙིང་པོ་ལ་རྟག་ཏུ་ཆོས་གསན་པ་ཞིག་བྱུང་སྟེ། རྡོ་རྗེའི་གདན་དེ་ཉིད་དུ་ལོ་སུམ་ཅུ་ལྷག་ཅིག་ཆོས་སྟོན་པར་མཛད་ཅིང༌། དཔལ་ལྡན་ཟླ་བ་གྲགས་པའི་རྗེས་སུ་དཔལ་ན་ལེནྡྲའི་མཁན་པོ་མཛད་དོ།།
དེ་དག་ཏུ་སློབ་མ་བྱང་ཆུབ་སེམས་དཔའི་རྩ་ལྟུང་བྱུང་བ་ཀུན་ལའང༌། དངོས་དང་རྨི་ལམ་གང་ཡང་རུང་བར་འཕགས་པ་ནམ་མཁའི་སྙིང་པོའི་མདུན་དུ་ལྟུང་བ་བཤགས་སུ་འཇུག་ནུས་ཤིང༌། འཕགས་པ་ནམ་མཁའ་མཛོད་ལས་ནོར་བླངས་པས་ཆོག་པར་གྲགས་ཏེ། རང་ཉིད་དགེ་འདུན་དང་བཅས་པ་ལ་འཚོ་བའི་ཡོ་བྱད་སྦྱིན་བདག་ལས་མི་འཚོལ་བར་ནམ་མཁའ་ལས་སློང་བར་མཛད། མུ་སྟེགས་ཀྱི་རྒོལ་བ་རྣམས་ཁྲོ་བོ་དབྱུག་པ་སྔོན་པོས་བསྡིགས་ནས་ངག་གནོན་པར་བྱེད་པ་ཞིག་བྱུང་ངོ༌། །དེས་དབུ་མ་བཞི་བརྒྱ་པ་ལ་རྣམ་རིག་ཏུ་བཀྲལ་བའི་འགྲེལ་པ་མཛད། འགྲེལ་པ་འདི་ཟླ་གྲགས་ཀྱི་བཞི་བརྒྱ་པའི་འགྲེལ་པའི་སྔོན་ལ་བརྩམས་པར་མངོན་པས་རྡོ་རྗེ་གདན་དུ་བརྩམས་པ་ཡིན་ཅིང༌། སློབ་དཔོན་ཆོས་འབངས་ཀྱི་དཔེ་འགྲེལ་ལ་ནི་ཟླ་གྲགས་དང༌། ཆོས་སྐྱོང་གཉིས་ཀར་བརྟེན་ནོ། །སྐུ་ཚེའི་མཐར་ཤར་ཕྱོགས་གསེར་གླིང་དུ་བྱོན་ནས་བཅུད་ལེན་གྱི་དངོས་གྲུབ་བསྒྲུབས་ཏེ། མཐར་ལྷའི་གནས་སུ་བཞུད་དོ། །ཞེས་གྲགས་སོ། །འདིས་ན་ལེནྡྲའི་མཁན་པོ་ཅུང་ཟད་མཛད་ནས། དེའི་འོག་ཏུ་རྒྱལ་བའི་ལྷས་མཁན་པོ་མཛད་དོ།།
དེའི་སློབ་མ་ནི་ཞི་བ་ལྷ་དང༌། བི་རཱུ་པ་ཡིན་ནོ། །ཕྱི་མའི་ལོ་རྒྱུས་ནི་དེ་ཡང་ནཱ་ལེནྡྲའི་གཙུག་ལག་ཁང་དུ་སློབ་གཉེར་བྱེད་སྐབས་ཤིག །ལན་ཅིག་དེ་བཱི་ཀོ་ཊར་ཕྱིན་པས། བུད་མེད་གཅིག་གིས་མེ་ཏོག་ཨུཏྤལ་གཅིག་དང༌། འགྲོན་བུ་གཅིག་གཏད་པ་བླངས་ཏེ་ཕྱིན་པས། མི་རྣམས་མཁའ་འགྲོ་མས་རྒྱས་བཏབ་པ་སྙིང་རེ་རྗེ་ཟེར། རྒྱུ་མཚན་ཅི་བྱས་པས། དེ་བོར་དང་ཟེར་བོར་བས་ལག་པ་ལ་འབྱར་ཏེ་འབོར་མ་ཐུབ། དེ་ནས་ནང་པའི་མཁའ་འགྲོ་མ་དང་འཕྲད་ནས་སྐྱོབ་དགོས་བྱས་པས། དེང་ཕྱི་ནང་གི་མཁའ་འགྲོ་མ་རྣམས་མེ་ཏོག་སྤྲོད་པ་སུ་སྔ་དབང་བར་ཆད་སོ་བྱས་ཟེར། ཐབས་གཞན་མེད་དམ་བྱས་པ་ན། དཔག་ཚད་ལྔའི་ཕ་རོལ་ཏུ་ཕྱིན་ན་ཐར་ཟེར་ཡང་ཉི་མ་དགོང་ཀར་སོང་བས་མི་སླེབས་ཏེ། མགྲོན་ཁང་གཅིག་ཏུ་རྫ་མ་ཁ་སྦུབ་པའི་འོག་ཏུ་བསྡད། སྟོང་པ་ཉིད་བསྒོམས་སོ། །ནུབ་མོ་དེ་ན་ཡོད་པའི་མི་རྣམས་རེ་རེ་ནས་ཕྲ་མེན་རྣམས་ཀྱིས་བོས། རྒྱས་བཏབ་པ་དེ་མ་ཡིན་པར་ཤེས་ནས་ཡང་ཡང་བསྐྱལ། བི་རཱུ་པ་མ་མཐོང་བའི་ངང་ལ་ནམ་ལངས་ཏེ་དེ་རྣམས་གྱེས་སོ།།

དེ་ནས་བྲོས་ཏེ་སླར་ནཱ་ལེནྡྲར་ཕྱིན་པཎྜི་ཏར་གྱུར་ཙ་ན། ད་ནི་ཕྲ་མེན་མ་རྣམས་འདུལ་དགོས་སྙམ་ལྷོ་ཕྱོགས་དཔལ་གྱི་རིར་ཕྱིན། སློབ་དཔོན་ཀླུའི་བྱང་ཆུབ་ལ་གཤིན་རྗེ་གཤེད་ཞུས་ནས་བསྒོམས་པས་ནམ་ཞིག་ན་ཞལ་མངོན་སུམ་དུ་མཐོང༌། ད་དུང་ཡུན་རིང་དུ་བསྒོམས་པས་དཔལ་ཁྲོ་བོ་ཆེན་པོ་དང་མཉམ་པར་གྱུར་སྐད། དེ་ནས་ཡང་དེ་བཱི་ཀོ་ཊར་ཕྱིན་པས་སྔར་གྱི་ཕྱི་པའི་མཁའ་འགྲོ་མ་རྣམས་ན་རེ་སྔོན་རྒྱས་བཏབ་པ་དེ་བྱུང་ཟེར། ནུབ་མོ་འཇིགས་པའི་གཟུགས་ཀྱིས་ཟ་བར་བྱུང་བ་ལ་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་དུ་བཞེངས་པས། དེ་རྣམས་བརྒྱལ་ཞིང་ཤི་ལ་ཐུག་པར་སོང༌། དེ་དག་དམ་ལ་བཞག་ནས་ན་ལེནྡྲར་འོངས། དེ་ནས་སྤྱོད་པ་ལ་བྱོན་པ་ཡིན་ནོ། །ཞེས་བྱུང་ངོ་།།
ལྷག་པར་དཔལ་ནཱ་ལེནྡྲའི་མཁན་པོ་མཛད་པའི་ཚུལ་ནི། རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་སྐྱ་པ་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོས་ (1092-1158) མཛད་པའི་དཔལ་ལྡན་བི་རཱུ་པ་ལ་བསྟོད་པ་ལས[11]།
གང་ཞིག་འཇིག་རྟེན་འདིར་ནི་རྒྱལ་རིགས་ལས། །
རབ་བྱུང་རིག་པའི་གནས་ལྔ་མཐར་ཕྱིན་ཏེ། །
གནས་རིགས་དགེ་འདུན་བྱེ་བས་ལེགས་བསྟེན་པ། །
གནས་བརྟན་ཆོས་སྐྱོང་གྲགས་ལ་མགོས་ཕྱག་འཚལ། །
ཞེས་བསྟོད་ཕྱག་མཛད་པ་ལྟར། ཆོས་འབྱུང་ནོར་བུའི་ཕྲེང་བ་ལས་[12]ཀྱང་། གྲུབ་ཆེན་བི་རུ་པའམ་གནས་བརྟན་ཆོས་སྐྱོང་ནི། ཤར་ཕྱོགས་ཟ་ཧོར་རྒྱལ་རིགས་སུ་འཁྲུངས། རྒྱལ་སྲིད་དོར་ནས་ནཱ་ལནྡྷར་ཞུགས། ཐོས་བསམ་སྒོམ་གསུམ་རྒྱ་ཆེར་མཛད་ནས་མཁན་པོ་རྣམ་པར་རྒྱལ་བའི་ལྷའི་དྲུང་ནས་བསྙེན་པར་རྫོགས་ཏེ་པཎྜི་ཏའི་གཙུག་རྒྱན་དུ་གྱུར། དེ་ནས་དགོན་སྡེ་དེའི་མཁན་པོ་མཛད། བདེ་མཆོག་གི་སྒྲུབ་པ་ཡུན་རིང་མཛད་ཀྱང་མཆོག་གི་དངོས་གྲུབ་ཐོབ་རྒྱུ་ལྟ་ཞོག །མཚན་ལྟས་ལེགས་པ་ཙམ་ཡང་མ་བྱུང་ཁར། ལྟས་ངན་པ་འགའ་ཤས་ཀྱང་བྱུང་བར་བརྟེན་ས་ག་ཟླ་བའི་ཚེས་ ༢༢ ཉིན། ཕྱག་ཕྲེང་དེ་ཆབ་ཁང་དུ་དོར་ནས། ད་དེ་རིང་ནས་ངས་སྒྲུབ་པ་མི་བྱེད། དགེ་འདུན་གྱི་སྲི་ཞུ་དང་རྩོད་པ་ཁོ་ན་བྱའོ་ཞེས་དམ་བཅའ་མཛད།
དེའི་དགོང་མོ་བདག་མེད་མས་ཞལ་དངོས་སུ་གཟིགས་ནས་རིགས་ཀྱི་བུ། ཁྱེད་ཀྱི་བག་མེད་ཀྱི་སྤྱོད་པ་དེ་རྣམས་དོར་ཞིག །ཁྱེད་ཀྱི་ལས་སྨོན་གྱི་ལྷ་དེ་ང་ཡིན། ཁྱེད་ཀྱིས་སྒྲུབ་པ་སྔར་ལྟར་ལྷུར་ལོངས་ལ། དངོས་གྲུབ་མྱུར་དུ་ཐོབ་བོ་ཞེས་གསུངས་སྐབས། དེ་ལ་ཐུགས་འགྱོད་ཆེན་པོས་ཕྲེང་བ་བླངས་ནས་དྲི་བཟང་གིས་ཆུས་བཀྲུས། མཐོལ་བཤགས་མཛད་ནས་སྒྲུབ་པ་སྔར་ལྟར་མཛད་པས་ས་ཟླའི་ཚེས་ ༢༢ དགོང་མོ་ས་དྲུག་པ་ཐོབ། ཚེས་ ༢༩ དགོང་མོ་ས་དགུ་པ་བཅས་ཐོབ་ནས་ལྷ་མོ་བདག་མེད་མ་ལྷ་བཅུ་གཉིས་འཁོར་བཅས་ཀྱི་དཀྱིལ་འཁོར་མཇལ། སྙན་བརྒྱུད་ཚད་མ་བཞི་[13]མ་ཉམས་པར་བརྟེན་རྟོགས་པ་ཆེས་ཆེར་འཕེལ།
དེ་ནས་གྲུབ་པ་བརྙེས་ནས་ཤ་ཆང་སོགས་ཚོགས་ཀྱི་རྒྱུར་འཁྱེར་བ་མཐོང་སྐབས། ནཱ་ལནྡཱའི་གྲྭ་པ་འགས་ཤེས་ཏེ་ཁོང་གི་གཟིམ་ཤག་གི་སྒོ་འགྲམ་དུ་ཉན་རྣ་བྱེད་སྐབས་ཁ་ཅིག་གིས་བུད་མེད་བཅུ་གཉིས་དང་མཉམ་དུ་བཞུགས་པ་མཐོང་། འགའ་ཞིག་གིས་མར་མེ་བཅུ་གཉིས་དང་མཉམ་དུ་ཡོད་པ་མཐོང་། དེ་ནས་གྲྭ་པ་ཚོས་ཁོང་དགོན་གྱི་མཁན་པོ་ཡིན་པར་བརྟེན་སྐྱོན་ནས་སྨྲ་མ་ནུས། དེ་ནས་གྲུབ་ཆེན་རང་ཉིད་ཀྱི་ཆོས་གོས་རྣམ་གསུམ་གཙུག་ལག་ཁང་ཞིག་ཏུ་ཕུལ་ནས། ཆང་ཁང་དང་སྨད་འཚོང་མའི་ཁང་པ་སོགས་སུ་ཕེབས་ནས་ང་ནི་ངན་པའོ་ཞེས་གསུངས། དེ་ནས་ནཱ་ལནྡཱ་ནས་གནས་དབྱུང་གི་འཁར་རྔ་བརྡུངས་ཤིང་དེ་དང་ལྷན་དུ་རྔ་པ་ཊ་ཧཱ་ཞེས་པ་རང་སྒྲ་གྲགས་བྱུང་། (རྔ་འདི་རྡུང་སྐབས་ནང་དུ་འོང་ཆོག་པ་ཞིག་ཡིན་འདུག) དེ་ནས་ཝཱ་རཱ་ཎ་སཱིར་ཕེབས་དགོངས་ཀྱིས་གངྒཱར་ང་ནང་པ་ཡིན་པས་ཁྱེད་མི་གཙང་བར་འགྱུར་ངེས་ན་ང་ཐོངས་ཤིག་གསུངས་སྐབས། གངྒཱ་གྱེན་དུ་ཆོད་ནས་ལམ་བྱུང་བའི་གྲུབ་རྟགས་ཡ་མཚན་ཆེ་བར་བརྟེན། ན་ལནྡཱ་པའི་གྲྭ་པ་རྣམས་ཀྱིས་འགྱོད་པས་ཚུར་གདན་འདྲེན་དང་བཟོད་གསོལ་ཞུས་ཏེ། འདིར་གཏན་དུ་བཞུགས་དགོས་ཞེས་གསོལ་བ་འདེབས་པར་བརྟེན་ངས་བཟོད་པར་བྱའོ། །འོན་ཀྱང་འདིར་མི་སྡོད་གསུངས་ནས་ཝཱ་རཱ་ཎ་སཱིའི་ནགས་གསེབ་ཏུ་སྒྲེན་མོར་བཞུགས་སྐབས། ཉི་རླུང་གཉིས་ཀྱིས་གདུང་བས་སྐུ་མདོག་ནག་པོར་སོང་བ་ཡུལ་དེའི་རྒྱལ་པོ་ཕྱི་རོལ་པ་ཡིན་པ་ཞིག་གིས་ཐོས་ནས། དེང་སང་ནགས་གསེབ་ཏུ་རྣལ་འབྱོར་པ་དེ་མུ་སྟེགས་པ་ཞིག་ཡིན་ན་དེ་ལ་འཚོ་གོས་སོགས་སྦྱིན་དགོས། ནང་པ་ཞིག་ཡིན་ཚེ་ཕར་མ་བསྐྲད་ན་གནོད་པ་བསྐྱལ་བར་འགྱུར་ཟེར་ནས། རྒྱལ་པོའི་དྲུང་དུ་འབོད་པར་བཏང་། དེར་བརྟག་དཔྱད་བྱེད་སྐབས་དབང་ཕྱུག་གི་རྟགས་མཚན་གང་ཡང་མེད་པས། འདི་ལྕགས་ཐག་གིས་བསྡམས་ནས་གངྒཱར་སྐྱུར་ཅིག་ཟེར་བ་ལྟར་བྱས་ཀྱང་ལྕགས་ཐག་གྲོལ་ནས་སླར་ཡང་རྒྱལ་པོའི་དྲུང་དུ་ཐེངས་མང་པོ་བྱུང༌། དེས་རྒྱལ་པོ་འཇིགས་པ་དང་ངོ་མཚར་སྐྱེས་ནས་ནང་བསྟན་ལ་ཞུགས་པ་རེད། དེ་ནས་ཆང་འཐུང་ཞིང་རིན་མེད་པས་ཉི་མ་སྐེད་ལ་མནན་ཏེ་གྲུབ་ཐོབ་ཉི་མ་འཛིན་ཞེས་གྲགས་ལ། མཐར་དེའི་ཆང་རིན་རྒྱལ་པོས་སྩལ། དེ་ནས་ལམ་འབྲས་རྡོ་རྗེའི་ཚིག་རྐང་ཞེས་པ་དེ་ཁོང་རང་གི་སློབ་མ་ཤར་ཕྱོགས་ནག་པོ་པ་ཞེས་པ་དེའི་ཆེད་དུ་བརྩམས་པ་སྟེ། ས་སྐྱའི་གསུང་ངག་ལམ་འབྲས་ཀྱི་མཐར་གཏུགས་ས་དེ་ཡིན། ཞེས་གསལ་བ་ལྟར་དང་། མདོར་ན་དཔལ་ནཱ་ལེནྡྲའི་པཎ་གྲུབ་གྲགས་ཅན་སློབ་དཔོན་འཕགས་པ་ལྷ་དང་། འཕགས་པ་ཐོགས་མེད། སློབ་དཔོན་ཕྱོགས་གླང་། སློབ་དཔོན་ཆོས་ཀྱི་བཤེས་གཉེན་བཅས་ནི་སློབ་དཔོན་དཔལ་ལྡན་ཆོས་སྐྱོང་གི་བླ་མ་ཡིན་ལ། མཁན་ཆེན་ཞི་བ་འཚོ་ནི་སློབ་དཔོན་དཔལ་ལྡན་ཆོས་སྐྱོང་གི་སློབ་མ་དང་། སློབ་དཔོན་དཔལ་ལྡན་ཆོས་སྐྱོང་རང་ཉིད་ཀྱང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོ་དང་པཎྜི་ཏ་གྲགས་ཅན་ཞིག་ཡིན་པ་རྣམ་ཐར་གྱི་དཔྱད་གཞི་ཁག་ལས་གསལ་བར་གྱུར་ལ། རིགས་དང་འཁྲུངས་ཡུལ་ལ་བཞེད་པ་མི་མཐུན་པ་ཤིན་ཏུ་མང་ངོ་།།
སློབ་དཔོན་འདིའི་གསུང་ལ་མཚོན་ན། སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[14]། ༡༽ རྒྱུད་ཙི་པ་ལ། གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་ཀྱི་ཆོ་ག །སློབ་དཔོན་བིར་ཝ་པའི་མཚན་གྱི་རྣམ་གྲངས་དཔལ་དཔའ་བོ་རྒྱལ་པོས་མཛད་པ། རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་ཉི་མའི་དབང་པོའི་འོད་ཟེར་དང༌། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་གཏན་ལ་ཕབ་པ་དང་། ༢༽ གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་གྱི་ཕྲེང་བ། སློབ་དཔོན་བི་རཱུ་པས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དཔལ་མཁས་པ་ཆེན་པོ་དཱ་ན་ཤཱི་ལས་ཡུལ་དབུས་ཀྱི་གྲུབ་པ་ཐོབ་པའི་གནས་དྲང་སྲོང་སྲིན་པོ་རིར་རང་འགྱུར། ༣༽ གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། སློབ་དཔོན་ཤྲཱི་བི་རཱུ་པས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དཱ་ན་ཤཱི་ལའི་འགྱུར། ༤༽ གཤིན་རྗེ་གཤེད་དམར་པོའི་བྱིན་རླབས་ཀྱི་མན་ངག་འོད་གསལ་འཆར་བའི་རིམ་པ། སློབ་དཔོན་མཐུ་སྟོབས་ཀྱི་མགོན་པོ་དཔལ་བི་རཱུ་པས་མཛད་པ། རྒྱ་གར་གྱི་པཎྜི་ཏ་བ་རེནྡྲ་དང༌། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱི་འགྱུར། ༥༽ གཤེད་དམར་གྱི་རྫོགས་རིམ་ཤིན་ཏུ་སྤྲོས་པ་མེད་པ་དེ་ཁོ་ན་ཉིད་ཀྱི་མན་ངག་ཅེས་བྱ་བ། སློབ་དཔོན་དཔལ་མཐུ་སྟོབས་ཀྱི་མགོན་པོ་བཅོམ་ལྡན་འདས་ཀྱིས་དངོས་སུ་བྱིན་གྱིས་བརླབས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བི་རཱུ་པས་མཛད་པ། ཆོས་ཀྱི་རྒྱལ་པོའི་སྐུ་མཁར་ཉི་གཟུངས་སུ་རྒྱ་གར་གྱི་པཎྜི་ཏ་དངོས་གྲུབ་བརྙེས་པ་དཔལ་དཱརྤན་ཨཱ་ཙཱརྱ་དང༌། གློ་བོ་ལོ་ཙཱ་བ་དགེ་སློང་ཤེས་རབ་རིན་ཆེན་གྱི་འགྱུར། ༦༽ བདུད་རྩི་བྱིན་གྱིས་བརླབ་པ་ཞེས་བྱ་བ། རྣལ་འབྱོར་གྱི་དབང་ཕྱུག་དཔལ་བི་རཱུ་པས་མཛད་པ། རྒྱ་གར་གྱི་མཁན་པོ་དཱརྤན་ཨཱ་ཙཱརྱ་དང༌། ལོ་ཙཱ་བ་ཞེ་སྡང་རྡོ་རྗེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ༧༽ དཔལ་བི་རཱུ་པས་མཛད་པའི་ཚིག་རྐང་བརྒྱད་ཅུ་རྩ་བཞི་པ། ཡུལ་ལྷོ་ཕྱོགས་ཀོ་ས་ལར་སྐུ་འཁྲུངས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་བཻ་རོ་ཙ་ན་བཛྲའི་རང་འགྱུར། ༨༽ རྒྱུད་ཞི་པ་ལ། ལམ་འབྲས་བུ་དང་བཅས་པའི་རྩ་བ་རྡོ་རྗེའི་ཚིག་རྐང༌། བདུད་རྩི་གྲུབ་པའི་རྩ་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་བི་རཱུ་པས་མཛད་པ། རྒྱ་གར་གྱི་མཁན་པོ་རྣལ་འབྱོར་པ་ལས་གྲུབ་པ་ཐོབ་པའི་རྒྱ་གར་ཨེ་ན་དེ་ཝའི་འགྱུར། ༩༽ ལས་ཀྱི་གཏུམ་མོའི་དོ་ཧ་མཛོད་ཀྱི་གླུ་ཞེས་བྱ་བ། སློབ་དཔོན་བི་རཱུ་པས་མཛད་པ། ༡༠༽ རྒྱུད་ཟི་པ་ལ། བི་རཱུ་པའི་གླུ་སོགས་བཞུགས་སོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས། སྣར་ཐང་བསྟན་འགྱུར། རྒྱུད། ༼ནུ༽ ཤོག་གྲངས་ ༣༢༤བ༤
[2] ལམ་འབྲས་སློབ་བཤད་ཀྱི་མཁྱེན་ཁྲིད། ༼མ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༥ན༥
[3] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣༩
[4] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༢༧༡
[5] ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། པོད། ༼ག༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༣ན༡
[6] ཆོས་སྤྱོད་རབ་གསལ་སྒྲོན་མེ། བསམ་སྡིངས་དགོན་བོ་དོང་དཔེ་རྙིང་ཕྱོགས་བསྒྲིགས་ཁང་། ༢༠༡༥ ལོ། ཤོག་ ༤༣
[7] ས་སྐྱ་བཀའ་འབུམ། གྲགས་རྒྱན་དང་པོ། པོད། ༼༢༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༨༦
[8] ཐང་སན་ལམ་ཡིག །ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༢༦༡
[9] ཤེས་བྱ་ཀུན་ཁྱབ། ༼ཨོཾ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༡༢
[10] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༩༨
[11] བརྩེ་ཆེན་ཀུན་དགའ་སྙིང་པོའི་གསུང་རབ་གླེགས་བམ། པོད། ༼ཀ༽ འཕྲུལ་དཔར་དཔེ་རིང་། ཤོག་ ༡བ༤
[12] ཆོས་འབྱུང་ནོར་བུའི་ཕྲེང་བ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༥༠
[13] ཚད་མ་བཞི་ནི། དབང་གི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པ། གདམས་ངག་གི་སརྒ་མ་ནོར་བ། མོས་གུས་ཀྱི་བསམ་པ་ཚིམ་པ་བཅས་སོ།།
[14] སྡེ་བསྟན་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་ ༡༤༠
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༤༦ ནས་ ༡༥༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།