ན༽ སློབ་དཔོན་ཡོན་ཏན་འོད་ཀྱི་ཡང་སྲིད།

ན༽ སློབ་དཔོན་ཡོན་ཏན་འོད་ཀྱི་ཡང་སྲིད།

 

དེ་ཡང་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་ (1883-1937)  མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་སོགས་འཕགས་བོད་ཀྱི་པཎ་གྲུབ་ཆེན་པོ་འགའ་ཞིག་ལ་གསོལ་བ་འདེབས་པའི་རིམ་པར་ཕྱེ་བ་ཕུལ་བྱུང་དོན་ལྡན་ལས[1]།

ཚུལ་འཆལ་ཉེས་སྤྱོད་ལྗན་ལྗིན་མི་གཙང་དྲི། །

རྣམ་དག་ཁྲིམས་ཀྱི་ལྷ་ཆུའི་རྒྱུན་བཟང་པོས། །

འཁྲུད་བྱེད་འདུལ་གཞུང་འབུམ་སྡེའི་ཉིང་ཁུའི་བཅུད། །

སྦྱིན་མཛད་ཡོན་ཏན་འོད་ལ་གསོལ་བ་འདེབས། །

ཞེས་འདུལ་གཞུང་འབུམ་སྡེའི་ཉིང་ཁུ་སྦྱིན་པར་མཛད་མཁན་གྱི་སློབ་དཔོན་ཡོན་ཏན་འོད་ཀྱི་ཡང་སྲིད་བྱོན་ཚུལ་ནི། ཕྱོགས་བཞི་ཚང་བློ་བཟང་ཡེ་ཤེས་རྒྱ་མཚོས་བརྩམས་པའི་ཀིརྟིའི་མ་དགོན་དཔལ་འགྱུར་མེད་ཀཱ་ལ་རིའི་དགོན་གནས་བཀྲ་ཤིས་ལྷུན་གྲུབ་གླིང་གི་ཆགས་རིམ་དང་འབྲེལ་བའི་ཆོས་འབྱུང་ཤེས་བྱ་ཀུན་གསལ་ལས[2]། སློབ་དཔོན་དབྱིག་གཉེན་གྱི་དངོས་སློབ་འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་ནི། རོང་པོ་མཁས་གྲུབ་ཆེན་པོ་སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་སྐུ་ཕྲེང་ལྔ་པ་ཡིན་ཅིང་། ཁོང་བྲམ་ཟེའི་རིགས་སུ་འཁྲུངས་ཤིང་། རང་གཞན་གྱི་གྲུབ་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ཞིང་། བློ་གྲོས་ཀྱི་དཀྱིལ་འཁོར་རྣམ་པར་རྒྱས་པ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་ཏེ། དགུང་ལོ་བརྒྱ་ཕྲག་བཞི་བཞུགས་ཤིང་། བསྟན་འགྲོའི་དོན་བླ་ན་མེད་པར་མཛད་ལ། བྱེ་བྲག་ཏུ་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེའི་རྩ་ལག་ཏུ་གྱུར་པའི་དམ་པའི་ཆོས་འདུལ་བའི་བདུད་རྩི་མ་ལུས་པ་གསལ་བར་བྱེད་པའི་བསྟན་བཅོས་ཀྱི་ཕྲེང་བ་སྤེལ་ལ། གཞུང་ལུགས་འབུམ་ཕྲག་བཅོ་བརྒྱད་བློ་ལས་ཐོན་ཞིང་། སློབ་མ་སྡེ་སྣོད་འཛིན་པ་ལྔ་སྟོང་ལྷག་ཡོད་ལ་ཐམས་ཅད་ཚུལ་ཁྲིམས་རྣམ་པར་དག་ཀྱང་མདོ་སྡེ་འཛིན་པ་དང་མ་མོ་འཛིན་པ་མང་དུ་ཡོད་ཅིང་། འདུལ་བ་འབུམ་སྡེ་བློ་ལས་ཐོན་པ་དགེ་སློང་ལྔ་བརྒྱ་རེ་ཡོད་ལ། བསྟན་པ་རིན་པོ་ཆེ་སྟོན་པ་རང་ཉིད་ཞལ་བཞུགས་དུས་ལྟར་དར་རྒྱས་མཛད་དེ་མཐར་རྫུ་འཕྲུལ་དང་བཅས་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །ཞེས་གསལ་བ་ལྟར་རོང་པོ་མཁས་གྲུབ་ཆེན་པོ་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་ནི། འདུལ་བསྟན་གྱི་མངའ་བདག་སློབ་དཔོན་ཡོན་ཏན་འོད་ཀྱི་སྐུ་སྐྱེ་ཡིན་ཚུལ་གསལ་བས་དཔྱད་དགོས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  པཎ་ཆེན་ཆོས་ཀྱི་ཉི་མའི་གསུང་འབུམ། ༼ཁ༽ བཀྲས་ལྷུན་པར་མ། དཔེ་རིང་། ཤོག་ ༡ན༡ ནས་ ༤ན༣ བར།

[2]  ཆོས་འབྱུང་ཤེས་བྱ་ཀུན་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༧༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༡༡ ནས་ ༣༡༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *