ཆ༽ བོད་དུ་གདན་དྲང་དགོས་པའི་རྒྱུ་མཚན།
དེ་ཡང་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) མཆོག་གིས་མཛད་པའི་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལ་བསྟོད་པ་རྒྱ་མཚོའི་རླབས་ཕྲེང་ལས[1]།
དཀའ་བ་དུ་མས་བོད་ཀྱི་ས་སྐྱོང་གིས། །གངས་རིའི་ཁྲོད་འདིར་འབད་པས་སྤྱན་དྲངས་ནས། །
རྣམ་དག་ཆོས་ཀྱི་འཁོར་ལོ་རིམ་བཞིན་བསྐོར། །མ་རིག་མུན་སེལ་བསྟན་པའི་སྒྲོན་མེར་གྱུར། །
ཞེས་གསུངས་པ་ལྟར་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[2]། མཁན་པོ་བྱང་ཆུབ་སེམས་དཔའ་ཞི་བ་འཚོས། །བོད་ཡུལ་སྲུང་བའི་བསྟན་མ་བཅུ་གཉིས་པོ། །སློབ་དཔོན་པདྨས་དམ་ལ་བཏགས་པས་ན། །བོད་དུ་མུ་སྟེགས་ཕྱི་པ་མི་འབྱུང་མོད། །ལོ་འགའ་ཞིག་ནས་དབུ་མའི་ལྟ་བ་ལ། །མི་མཐུན་རྩོད་པ་བྱེད་འགྱུར་དེ་ཡི་ཚེ། །ང་ཡི་སློབ་མ་ཀ་མ་ལ་ཤཱི་ལ། །སྤྱན་དྲོངས་རྩོད་པ་ཆོས་སུ་ཞི་འགྱུར་ཞེས། །གསུངས་ནས་མི་རྟག་མྱ་ངན་འདའ་བར་བསྟན། །སྐུ་གདུང་མཆོད་རྟེན་བྱས་ཏེ་རྒྱལ་པོས་མཆོད། །ཆོས་ཀྱི་རིང་ལུགས་ཡེ་ཤེས་དབང་པོར་བསྐོས། །རབ་བྱུང་རེ་ལ་འབངས་ཁྱིམ་གསུམ་གསུམ་སོགས། །དཀོན་མཆོག་གསུམ་གྱི་ལྷ་འབངས་རྒྱ་ཆེར་བཅད། །ཡེ་ཤེས་དབང་པོ་མཁར་ཆུའི་བྲག་ལ་སྒོམ། །དཔལ་དབྱངས་ཆོས་ཀྱི་རིང་ལུགས་མཛད་པའི་ཚེ། །ཧྭ་ཤང་མ་ཧཱ་ཡ་ནའི་སློབ་མ་དར། །དགེ་བས་མཐོ་རིས་སྡིག་པས་ངན་འགྲོར་འཁོར། །ལུས་ངག་དགེ་སྡིག་ཡིད་བྱེད་ཀུན་བཀག་ནས། །ཅིག་ཅར་དྲན་མེད་འཇུག་པ་ལམ་དུ་སྨྲ། །བོ་དྷི་ས་ཏྭའི་རྗེས་འཇུག་འགའ་ཞིག་ཙམ། །གཞན་དག་ཕལ་ཆེར་ཧྭ་ཤང་ལུགས་སུ་སྤྱོད། །སྟོན་མིན་རྩེ་མིན་གཉིས་ཞེས་རྩོད་པར་གྱུར། །དེ་ཚེ་ཡེ་ཤེས་དབང་པོ་སྤྱན་དྲངས་པས། །ང་ཡི་སྒྲུབ་པ་བར་ཆད་མ་བྱུང་ན། །བཙན་པོ་སྐུ་ཚེ་རིང་ཞིང་བོད་ཡུལ་དུ། །དམ་ཆོས་ཡུན་རིང་གནས་པར་འགྱུར་པ་ཞིག །ཅེས་གསུངས་མཁན་པོའི་ཞལ་ཆེམས་མཉེལ་བསོས་ཏེ། །མཁས་པ་པདྨའི་ངང་ཚུལ་སྤྱན་དྲངས་ནས། །བཙན་པོས་དགུང་མནན་རྩོད་པའི་གྲྭ་བཤམས་ཚེ། །ལུང་དང་རིགས་པས་ཧྭ་ཤང་ཕམ་པར་མཛད། །རྩོད་པ་དམ་པའི་ཆོས་སུ་ཞི་བར་གྱུར། །ཕྱིན་ཆད་ལྟ་བ་ཀླུ་སྒྲུབ་ལུགས་སུ་ཟུང་། །སྤྱོད་པ་དགེ་བཅུ་ཕར་ཕྱིན་དྲུག་ལྡན་སྤྱོད། །སྒོམ་པ་ཞི་ལྷག་ཟུང་དུ་འབྲེལ་བར་གྱིས། །ལོ་ཙཱས་མ་བསྒྱུར་པཎྜི་ཏས་མ་བཤད། །རྒྱལ་པོས་བཀའ་བཏགས་སྦྱིན་བདག་མ་བྱས་པའི། །ཆོས་ལ་སྤྱད་དུ་མི་གནང་བཀའ་ཁྲིམས་བསྒྲགས། །ཞེས་ཚིགས་སུ་བཅད་པའི་ལམ་ནས་གསལ་བར་གསུངས་པ་ལྟར་རོ།།
དེ་བཞིན་ཡོངས་འཛིན་ཕུར་ལྕོག་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ་ (1825-1901) དཔལ་བཟང་པོས་མཛད་པའི་༸རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོ་མཆོག་གི་རྣམ་ཐར་ལས[3]། ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལས་ལོག་པར་གོལ་བས་ཅི་ཡང་ཡིད་ལ་མི་བྱེད་ཅིང་། རྒྱ་ཆེ་བའི་སྤྱོད་ཕྱོགས་ལའང་ཀུན་ནས་རྨོངས་པའི་ཆད་མཐར་ལྷུང་བའི་ལྟ་ངན་མཐའ་དག་དྲུངས་ནས་ཕྱུང་སྟེ་སྣང་སྟོང་ཟུང་འཇུག་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་སྲོལ་དབུ་མའི་ལྟ་བ་ཐུན་མོང་མ་ཡིན་པ་གངས་རིའི་ཁྲོད་འདིར་གསལ་བར་མཛད་པ་སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལའམ་པདྨའི་ངང་ཚུལ་ཞེས་གསུངས་པ་ལྟར་སློབ་དཔོན་ཀ་མ་ལ་ཤཱི་ལ་ནི། དཀའ་བ་བརྒྱ་ཕྲག་དུ་མས་བོད་ཀྱི་བཙན་པོ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གངས་ལྗོངས་སུ་འབད་པ་ཆེན་པོས་སྤྱན་དྲངས་ཏེ་ཧྭ་ཤང་མཧཱ་ཡ་ན་རིགས་པས་ཚར་བཅད་ནས་སྒོམ་རིམ་ཐོག་མཐའ་བར་གསུམ་དང་། དབུ་མ་སྣང་བ་སོགས་ལྗགས་རྩོམ་དང་། ཆོས་ཀྱི་འཁོར་ལོ་མང་དུ་བསྐོར་ནས་བོད་འབངས་རྣམས་ཀྱི་མ་རིག་པའི་མུན་སེལ་གྱི་བསྟན་པའི་སྒྲོན་མེར་གྱུར་པ་སྟེ། གུ་བཀྲའི་ (དུས་རབས་18པ།) ཆོས་འབྱུང་ལས་[4]ཀྱང་། རྒྱ་གར་ནས་ཀ་མ་ལ་ཤཱི་ལ་གདན་དྲངས་པ་བཞིན་བྱོན་ཏེ། ཏྭོན་རྩེན་རྩོད་པས་ཏྭོན་མུན་ཕམ་སྟེ་ཧྭ་ཤང་རྒྱ་ཡུལ་དུ་བརྫངས། དེའི་ལུགས་མི་བྱེད་པར་བཀས་བཅད་དོ། །ཞེས་པ་གསལ་བ་ལྟར་བདག་ཉིད་ཆེན་པོ་སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་གངས་ཅན་གྱི་ལྗོངས་སུ་མ་བྱོན་གོང་བལ་ཡུལ་དུ་བསྟན་པ་ལ་བྱ་བ་མཛད་ཅིང་ཡོད་པའི་ཚེ་བོད་དུ་གདན་འདྲེན་ཞུས་པ་ཞིག་ཡིན་ལ། དེའི་ཚུལ་ནི། མཁན་ཆེན་ཞི་བ་འཚོ་ཞིང་ལ་གཤེགས་ཚུལ་བསྟན་རྗེས་སུ་རྒྱ་ནག་ནས་ཧྭ་ཤང་མ་ཧཱ་ཡ་ན་ཞེས་བྱ་བ་བོད་དུ་འོངས་ཏེ། ལུས་ངག་གི་དགེ་སྦྱོར་བྱས་པས་འཚང་མི་རྒྱ། ཅི་ཡང་ཡིད་ལ་མི་བྱེད་པས་འཚང་རྒྱ་ཟེར་ནས་སྒོམ་བསླབས་པས། བོད་འབངས་མང་པོ་དེའི་རྗེས་སུ་ཞུགས་ནས། བསླབ་པ་སློབ་གཉེར་དང་། ལུས་ངག་གི་དགེ་སྦྱོར་གྱི་རྒྱུན་ཆད། རྦ་རཏྣ་དང་། བཻ་རོ་ཙཱ་ན་སོགས་ཉུང་ཤས་ཤིག་མཁན་པོའི་རྗེས་སུ་འབྲངས་ནས་ཡོད་པ་ལ། དེ་དག་ཕན་ཚུན་ལྟ་བ་མ་མཐུན་པར་རྩོད་ཅིང་འཁྲུགས་པས། བཙན་པོ་ཡང་བཀས་བཅད་དཀའ་བར་གྱུར་ཏེ། ལྷོ་བྲག་ཁ་ཆུ་ནས་ནན་ཏན་ཆེན་པོས་ཡེ་ཤེས་དབང་པོ་འབོད་ནས། སྔོན་གྱི་བྱུང་ཚུལ་རྣམས་གསུངས་ཤིང་། ད་ཇི་ལྟར་བྱས་ན་ལེགས་གསུངས་པས། ཡེ་ཤེས་དབང་པོ་ན་རེ། མཁན་པོ་མྱ་ངན་འདའ་ཁར་འདི་སྐད་གསུངས་ཏེ། སངས་རྒྱས་ཀྱི་བསྟན་པ་གང་དུ་བྱུང་སར་མུ་སྟེགས་ཀྱི་རྒོལ་བ་རེ་འགྲན་ཟླར་འོང་བ་ཡིན་ན་ཡང་། བོད་ཡུལ་དུ་བསྟན་པ་ལྔ་བརྒྱའི་ཐ་མ་ལ་བྱུང་སྟེ། ཅུང་ཟད་རྒྱས་པར་འགྱུར་བ་ལ་མུ་སྟེགས་དངོས་ཀྱི་རྒོལ་བ་ནི་མི་འབྱུང་མོད། སངས་རྒྱས་པ་ཉིད་ལྟ་བ་མ་མཐུན་ཏེ་རྩོད་པར་འགྱུར་གྱི། དེ་ཙ་ན་ངའི་སློབ་མ་ཀ་མ་ལ་ཤཱི་ལ་བྱ་བ་ཞིག་བལ་ཡུལ་ན་ཡོད་པ་དེ་སྤྱན་དྲོངས་ལ། དེ་དང་རྩོད་པ་བྱེད་དུ་བཅུག་ལ། རྒྱལ་པོས་བསྡུམ་པར་གྱིས་ཤིག །རྩོད་པ་ཆོས་ཕྱོགས་སུ་ཞི་བར་གྱུར་རོ། །ཞེས་གསུངས་པས། དེ་ལྟར་མཛད་དུ་གསོལ་ཞེས་ཞུས་པས། རྒྱལ་པོས་དེ་མ་ཐག་སློབ་དཔོན་ཀ་མ་ལ་ཤཱི་ལ་གདན་འདྲེན་པའི་ཕོ་ཉ་བཏང་བས། མི་རིང་བར་གདན་འདྲོངས་ཏེ། བྲག་དམར་དུ་ཕེབས་པ་ན། རྗེ་བློན་རྣམས་ཀྱིས་མདུན་བསུས་སོ། །ཞེས་གསུངས་པ་ལྟར་རོ།།
དེ་བཞིན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[5]། དེ་ནས་དུས་ནམ་ཞིག་ན་མཁན་ཆེན་ཞི་བ་འཚོས་ཇི་ལྟར་ལུང་བསྟན་པ་བཞིན་རྒྱ་ནག་གི་ཧྭ་ཤང་ལྟ་བ་ལོག་པ་འཛིན་པ་ཞིག་བྱུང་ནས་དེའི་ལུགས་དར་ཏེ་ལུས་ངག་གི་ཆོས་སྤྱོད་དགེ་བ་བྱས་པས་སངས་མི་རྒྱ། བྱར་མེད་ལ་གནས་ན་སངས་རྒྱ་ཟེར་ནས་ཆད་ལྟ་ལ་ཞེན་ཏེ་དགེ་སྦྱོར་མི་བྱེད། བོད་ཕལ་ཆེར་དེ་ལ་དགའ་སྟེ་དེའི་ལུགས་བྱེད་པས་ལྟ་སྤྱོད་མ་མཐུན་ཏེ་རྩོད་པ་ལ། བཙན་པོས་མཁན་ཆེན་བོ་དྷི་ས་ཏྭའི་ལུགས་བཞིན་དུ་ལྟ་སྤྱོད་གྱིས་ཤིག་གསུངས་པས། སྟོན་མུན་པ་རྣམས་ཁྲོས་ཏེ་ཆུ་གྲི་རྣོན་པོ་རེ་བསྲེལ་ཞིང་རྩེན་མིན་པ་རིལ་གསོད་ཟེར་བས་རྒྱལ་པོ་ཐུགས་མ་བདེ་ནས། ཡེ་ཤེས་དབང་པོ་འབོད་དུ་བཏང་བས་ལན་གཉིས་སུ་མ་ཁུགས་ནས་གསུམ་པ་ལ་མ་ཁུགས་ན་གསད་པར་བྱས་ཏེ་བཏང་བས། བྲག་ཕུག་འདོམ་བཅུ་གཉིས་པ་དཔྱང་ཐག་ལ་འགྲོ་དགོས་པ་ཞིག་ཏུ་ཕྱིན་ཏེ་གཤེགས་པར་ཞུ། མི་གཤེགས་ན་བདག་གསོད་དུ་འོང་བས་ལྕེབ་བྱས་པས་བྱོན་ཏེ་རྒྱལ་པོ་ལ་བདག་དགུག་མི་འཚལ། མཁན་པོའི་ཞལ་ཆེམས་འདི་ལྟར་བདོག་ཞུས་པས་རྒྱལ་པོ་མཉེལ་བསོས་ཏེ་སློབ་དཔོན་ཀ་མ་ལ་ཤཱི་ལ་སྤྱན་འདྲེན་པའི་ཕོ་ཉ་བཏང་། དེ་ཧྭ་ཤང་གིས་ཚོར་ནས་ཡུམ་རྒྱས་པ་ལ་སོགས་པ་མདོ་སྡེ་ཟབ་མོ་རྣམས་སྤྱན་དྲངས་ཏེ་བཤད་པ་བསླབས། བསྟན་བཅོས་ལ་ཆོས་བྱ་མི་དགོས་ཉལ་བས་ཆོག་ཅེས་སྟོན་པ་བསམ་གཏན་ཉལ་བའི་འཁོར་ལོ། དེ་ལ་རྩོད་པ་སྤོང་བ་བསམ་གཏན་གྱི་ལོན་ཡང་ལོན་གཉིས། དེ་རིགས་པས་བསྒྲུབ་པ་ལྟ་བའི་རྒྱབ་ཤ །ལུང་གིས་བསྒྲུབ་པ་མདོ་སྡེ་བརྒྱད་ཅུ་ཁུངས་ལ་སོགས་པ་བྱས། མདོ་སྡེ་དགོངས་པ་ངེས་འགྲེལ་རང་གི་ལྟ་སྤྱོད་དང་འགལ་བར་མཐོང་ནས་རྡོག་པས་གྲིལ་ལོ། །དེའི་ཚེ་ཡེ་ཤེས་དབང་པོས་མཁན་པོའི་དགོངས་པ་འདི་བཞིན་ཡིན་ཞེས་སྙན་དུ་གསོལ་བས་བཙན་པོ་དགྱེས་ཏེ་ཁྱོད་ངའི་ཨཱ་ཙརྱ་ཡིན་ཞེས་གསུང་ངོ་། །ཞེས་ཀྱང་གསུངས་སོ།།
གཞན་ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[6]། ཀ་མ་ལ་སྟེ་པདྨ་དང་ཤཱི་ལ་ནི་ངང་ཚུལ་ཏེ་པདྨའི་ངང་ཚུལ་ལམ་རྒྱལ་བའི་ངང་ཚུལ་ཞེས་བྱ་ཞིང་། རྒྱ་གར་གྱི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་བཞེད་སྲོལ་འཛིན་པའི་པཎྜི་ཏ་ཆེན་པོ་ཞིག་ཡིན་པ་ཡོངས་གྲགས་ཀྱི་ལོ་རྒྱུས་ཕལ་ཆེ་བའི་ནང་གསལ་ཡང་། མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་[7]དང་། ཡང་དེ་ཉིད་ཀྱིས་མཛད་པའི་བཀའ་ཐང་ཟངས་གླིང་མ་[8]བཅས་གཉིས་ཀར་རྒྱ་ནག་ནས་སློབ་དཔོན་ཀ་མ་ལ་ཤཱི་ལ་སྤྱན་དྲངས་ཞེས་འཁོད་འདུག་པ་དེ་ཁོ་བོའི་བསམ་ཚུལ་ལྟར་ན། མ་ཡིག་བྲིས་མ་གཅིག་ལ་གཅིག་བརྒྱུད་ཀྱིས་དཔེ་བཤུ་བྱས་སྟབས། ཡིག་ཕྲེང་གོང་མ་ནས་འོག་མར་མཆོངས་ཏེ་བྲིས་ནོར་བྱུང་བ་མིན་ནམ་སྙམ་སྟེ། ཡིག་ཕྲེང་གོང་མར་རྒྱ་ནག་ནས་ཧྭ་ཤང་མ་ཧཱ་ཡ་ན་བོད་དུ་ཕེབས་པ་དང་། རྒྱ་གར་ནས་སློབ་དཔོན་ཀ་མ་ལ་ཤཱི་ལ་གདན་དྲངས་ཞེས་གསུང་རྒྱུ་ཡིན་ངེས་སྙམ་པས། མཁས་དབང་རྣམས་ཀྱིས་དཔྱད་པར་ཞུ། ཞེས་གསལ་བ་ནི་བདེན་པའི་གཏམ་དུ་སྣང་ངོ་།།
རྒྱ་བལ་ནས་གདན་དྲངས་ཏེ་དིང་རི་བརྒྱུད་ནས་བསམ་ཡས་སུ་ཕེབས་པའི་ཚུལ་ནི། ཤེལ་དཀར་བ་ངག་དབང་སྐལ་ལྡན་རྒྱ་མཚོས་ (དུས་རབས་18པ།) བརྩམས་པའི་ཤེལ་དཀར་ཆོས་འབྱུང་ལེགས་བཤད་ནོར་བུའི་མེ་ལོང་སྐལ་བཟང་མགྲིན་རྒྱན་ལས[9]། དང་པོ་ནི། རྒྱལ་ས་ཐོག་མ་སྤོ་རུ་བཅས་པས་ལེགས། །ཞེས་པའི་ལེགས་མཛད་འདིའི་འབྱུང་ཁུངས་ལོ་རྒྱུས་ནི། དེ་ཡང་སྔ་སོར་ལྷོ་ཕྱོགས་ནོར་འཛིན་གྱི་དཔལ་མོ་འདི་ཆེད་དུ་སྐྱོང་བའི་མི་བདག་ཀྱང་མེད་ཅིང་། གྲོང་དང་གྲོང་ཁྱེར་དུ་ཆགས་པའི་བོད་པ་དང་འབྲོག་དུད་སོགས་ཀྱང་ཆེར་མེད་པར། རྩྭ་ཆུ་ཤིན་ཏུ་འཛོམས་པའི་ངམ་འབྲོག་རི་དྭགས་དང་གཅན་གཟན་མང་པོའི་གནས་སུ་གྱུར་པ་ཞིག་ཡོད་པར་མངོན་ཏེ། ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་ཀ་མ་ལ་ཤཱི་ལ་བསམ་ཡས་སུ་གདན་དྲངས་པའི་ལམ་བར། ལ་སྟོད་ལྷོ་རུ་མཛད་དུས་དིང་རི་ར་ས་དམར་པོ་ན་སྦྲ་ཁྱིམ་པ་ཁ་ཡར་དང་། ལྕགས་ཀྱི་ཁ་སྒང་ན་ལྷ་བཙན་དར་མ་ཡེ་ཤེས་ཀྱི་ས་ཁང་གཅིག་ལས་མི་འདུག་ཅིང་། ཆུ་དྲུག་སྲི་ན་རྫ་མཁན་གྲོང་བདུན། བོང་ཤོད་ན་ནང་པ་སྤང་ཁང་པ། ཕ་དྲུག་ན་གསེར་བ་སྤེ་ཧྲུ་བ། ལྡིངས་ཀྱི་ཕུ་ན་ཡོད་ཟེར། འགྲམ་མཚོ་ན་གཡག་མིག་དང་བཅས་པ་རྣམས་སུ་གྲོང་ཁ་ཤས་ལས་ཡུལ་གཞན་མ་ཆགས་པར་བཤད་ཅིང་། དེ་རྗེས་ཕ་དྲུག་དང་དིང་རིར་གྲོང་ཁྱེར་མང་རབས་ཆགས་འདྲ་བས། ཆོས་རྒྱལ་ཁྲི་སྲོང་གིས་དམག་དེབ་ན་ཕ་དིང་གཉིས་ཡོད་དོ། །དེ་རྗེས་རྗེ་བཙུན་ས་སྐྱ་བའི་ཡབ་མེས་གྲས། དཀོན་པ་རྗེ་གུང་སྟག་ཅེས་པས་ཡུལ་གང་བཟང་གཟིགས་པས་ལ་སྟོད་གཉན་ཚེ་ཐང་གི་ཡ་བྱང་དང་བཅས་པ་དགེ་བཅུའི་ཡོན་ཏན་ཚང་བར་གཟིགས་ནས་ཡུལ་དེ་བཟུང་བས། ལྷོ་ཕྱོགས་ཀྱི་ཡུལ་ཁམས་རྣམས་རིམ་གྱིས་འཕེལ་བའོ། །ཞེས་གསལ་བ་ལྟར་སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་དུ་ཕེབས་སྐབས་ལ་སྟོད་ཕྱོགས་དིང་རི་བརྒྱུད་ནས་ཕེབས་པར་གསལ་ཞིང་། སྐབས་དེར་དིང་རིའི་ཁུལ་གྱི་ཡུལ་གྲོང་གི་ཆགས་རབས་ཀྱང་ཅུང་ཟད་གསལ་ལོ།། །།
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༢༠༠
[2] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༣༧༩
[3] ༸རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་རྣམ་ཐར། ༼ཀ༽ རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༡༡
[4] གུ་བཀྲའི་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༡༦༣
[5] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༩༧
[6] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༡
[7] ཉང་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༠ ལོ། ཤོག་གྲངས་ ༣༧༡
[8] གཏེར་མཛོད་རྣམ་ཐར་ཟངས་གླིང་མ། ༼༡༽ ཉང་གི་བཀའ་ཐང་། དཔེ་གཟུགས། ཤོག་གྲངས་ ༥༢བ༡
[9] ཤེལ་དཀར་ཆོས་འབྱུང་། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ ལོ། ཤོག་གྲངས་ ༡༦
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༨༧ ནས་ ༣༩༣ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།