མཁན་ཆེན་ཞི་བ་འཚོའི་གསུང་སྒྲ་སྒྱུར་མཛད་པ་པོའི་ལོ་ཙཱ་བ།

དེ་འཕྲོས་མཁན་ཆེན་ཞི་འཚོའི་གསུང་སྒྲ་སྒྱུར་མཛད་པ་པོའི་ཁྲོད་ནས་སྐད་གཉིས་སྨྲ་བའི་ལོ་ཙཱ་བ། ༤༽ ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏས་མང་དུ་ཐོས་པའི་སློབ་དཔོན་ཞི་བ་འཚོས་མཛད་པའི་བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་འཛིན་གྱི་དབྱངས་དང་། བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་འཛིན་གྱི་དབྱངས་ཀྱི་རྒྱ་ཆེར་བཤད་པ།

རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་བཤད་པ་གསུམ་སྒྲ་སྒྱུར་མཛད་པ་དང་། ༥༽ ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་མཁན་ཆེན་ཞི་བ་འཚོའི་གསུང་དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སྒྲ་སྒྱུར་མཛད་པ།

༦༽ ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་སློབ་དཔོན་ཤཱནྟ་རཀྵི་ཏས་མཛད་པའི་བདེན་པ་གཉིས་རྣམ་པར་འབྱེད་པའི་དཀའ་འགྲེལ་དང་། དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ། དབུ་མའི་རྒྱན་གྱི་འགྲེལ་པ་གསུམ་སྒྲ་སྒྱུར་མཛད།

༧༽ བོད་ཀྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་མཁན་ཆེན་ཞི་འཚོས་མཛད་པའི་རྩོད་པའི་རིགས་པའི་འགྲེལ་པ་དོན་རྣམ་པར་འབྱེད་པ་ཞེས་བྱ་བ་སྒྲ་སྒྱུར་མཛད་པ་བཅས་གོང་གསལ་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་བཞི་པོའི་རྣམ་ཐར་རྒྱལ་སྲས་ཞི་བ་ལྷའི་གསུང་གི་སྐབས་སུ་བཀོད་ཡོད་ལ།

༨༽ ལོ་ཙཱ་བ་འབྲོ་སེང་དཀར་དགེ་སློང་ཤཱཀྱ་འོད་ཀྱིས་མཁན་ཆེན་ཞི་འཚོས་མཛད་པའི་དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་དང་། རྩོད་པའི་རིགས་པའི་འགྲེལ་པ་དོན་རྣམ་པར་འབྱེད་པ་ཞེས་བྱ་བ་གཉིས་སྒྲ་སྒྱུར་མཛད་ཅིང་།

༩༽ ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་མཁན་ཆེན་བོདྷི་ས་ཏྭས་མཛད་པར་གྲགས་པའི་འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་བཀླག་ཅིང་མཆོད་རྟེན་བརྒྱ་རྩ་བརྒྱད་དམ་མཆོད་རྟེན་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ་དང་། ཡང་འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་བཀླག་ཅིང་མཆོད་རྟེན་བརྒྱ་རྩ་བརྒྱད་དམ་མཆོད་རྟེན་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ་བཅས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདི་གཉིས་ཀྱི་རྣམ་ཐར་སློབ་དཔོན་སེངྒེ་བཟང་པོའི་གསུང་གི་སྐབས་སུ་འགོད་པར་བྱའོ།།

༡༠༽ སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དཔལ་ལྷ་བཙན་པོ་དགེ་སློང་ལྷ་བླ་མ་ཞི་བ་འོད་ཀྱི་ཞལ་སྔ་ནས་མཁན་ཆེན་ཞི་འཚོའི་གསུང་དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ། འདི་ཉིད་གུ་གེ་ཡུལ་གྱི་དབེན་ས་རི་བོ་དགེ་གནས་ཕུན་ཚོགས་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཡིན། ལོ་ཙཱ་བ་འདིའི་རྣམ་ཐར་དཔལ་ལྡན་ཆོས་གྲགས་ཀྱི་གསུང་གི་སྐབས་སུ་འགོད་པར་འགྱུར་བས་དེ་དག་ཏུ་གཟིགས་པར་འཚལ་ལོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༥༡ ནས་ ༡༥༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *