ག༽ ནཱ་ལེནྡྲའི་དགེ་འདུན་པའི་མཚན་འདོགས་ཚུལ།
དཔལ་ནཱལཱནྡཱའི་དགེ་འདུན་པ་རྣམས་ཀྱི་མཚན་ཇི་ལྟར་འདོགས་མིན། དེ་ཡང་དཔྱད་ཞིབ་ཀྱིས་ཤེས་དགོས་པར་སེམས། རང་རེ་བོད་ནི་སྤྱིར་རྒྱ་གར་དང་། བྱེ་བྲག་གདན་ས་འདི་ཉིད་ལ་འབྲེལ་བ་ཆེན་པོ་ཡོད་སྟབས་ནཱལཱནྡཱའི་གནས་ཚུལ་སྣ་ཚོགས་པ་ཞིག་གི་ཤུགས་རྐྱེན་དེ་རང་རེ་བོད་མིར་ཐེབས་ཡོད། དེའི་དཔེ་མཚོན་ཆུང་ངུ་ཞིག་ནི་མིང་འདོགས་སྟངས་འདི་ཉིད་ཡིན།
གུས་པས་ཤེས་གསལ་ལྟར་ན། དཔལ་ནཱལཱནྡཱའི་གཙུག་ལག་ཁང་གི་དགེ་འདུན་པའི་མཚན་འདོགས་སྟངས་ནི། ནཱལཱནྡཱའི་གཙུག་ལག་ཁང་མ་བྱུང་སྔོན་གྱི་ཐེག་པ་ཆེན་པོའི་ལྟ་གྲུབ་སྨྲ་བའི་སློབ་དཔོན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སློབ་མ་ཨཱརྱ་དེ་བ་སོགས་ཀྱི་མཚན་འདོགས་སྟངས་སོགས་སུ་དཔེ་ལྟོས་སམ། ཡང་ན་ཕྱག་སྲོལ་དེ་ལྟ་བུ་ཞིག་སངས་རྒྱས་རང་ཉིད་ཀྱི་སྐུ་དུས་ནས་ཡོད་པ་སོགས་གང་ཡང་རུང་། གཞི་རྩའི་ཆ་ནས་ཕྱག་སྲོལ་མ་ཉམས་པ་ཞིག་རྒྱུན་འཁྱོངས་བྱས་སྟབས་ནཱལཱནྡཱའི་གཙུག་ལག་སློབ་གཉེར་ཁང་གི་དགེ་འདུན་པའི་མཚན་འདོགས་སྟངས་ཀྱང་། བཤེས་གཉེན་གྱི་མཚན་ཟུར་སློབ་མའི་མཚན་མགོར་སྦྱོར་ཚུལ་ཞིག་ཡོད་པ་དེ་ཤེས་གལ་ཆེ་བ་ཞིག་རེད། དཔེར་ན། ཨརྱ་དེ་བ་རབ་ཏུ་བྱུང་སའི་མཁན་པོའི་མཚན་ལ་ཧེ་མ་དེ་བ་ཟེར་བ་ཡིན་སྟབས་ཁོང་གི་མཚན་གྱི་ཆ་ཤས་དེ་བ་སྟེ་ལྷ་ཟེར་བ་འདི་ཉིད་ཨཱརྱ་དེ་བ་རབ་ཏུ་བྱུང་ཁར་གནང་ནས་མཚན་ལ་ཨཱརྱ་དེ་བ་སྟེ་འཕགས་པ་ལྷ་ཞེས་བཏགས་པ་ཇི་བཞིན། དུས་ཕྱིས་ནཱལཱནྡཱ་ནས་ཀྱང་སློབ་དཔོན་ཕྱོགས་གླང་གི་མཁན་པོ་གླང་པོ་བྱིན་གྱི་མཚན་གྱི་ཆ་ཤས་གླང་ཞེས་པ་ཕྱོགས་གླང་ལ་གནང་བ་དང་། ཟླ་བ་གྲགས་པའི་མཚན་ཐོགས་སྟངས་ཀྱང་རང་རེ་བོད་ན་ཟླ་བ་ཤར་བའི་མཚན་མོ་ཞིག་ལ་ཟླ་གྲགས་ཀྱི་ཕས་གནམ་ལ་བལྟས་ནས་དང་ཐོག་ཞིང་ལས་བྱས་ཏེ་འབྲུ་ཞིག་བསྒྲུབས། དེ་ནས་འཁོར་བ་བཟུང་ནས་བུ་ཞིག་སྐྱེ་བ་བྱས། དེའི་མིང་ལ་ཟླ་བ་གྲགས་པ་བཏགས་ན་སྙམ་པའི་བསམ་བློ་གཏོང་ཚུལ་དེ་ཁ་བདེ་པོས་བཟོས་པ་ཞིག་ལས་དོན་ལ་མིན་པར་སེམས། གང་ཡིན་ཞེ་ན་ནཱལཱནྡཱར་སློབ་དཔོན་གྱི་མཚན་གྱི་ཆ་ཤས་སློབ་མར་འདོགས་སྲོལ་ཡོད་པ་དང་། ཟླ་གྲགས་ཀྱི་མཁན་པོའི་མཚན་ལ་ཟླ་བ་མགོན་པོ་ཡིན་ཚུལ་སོགས་ལ་བརྟགས་ན་ཤེས་ནུས། དེས་ན་མཁན་པོ་ཟླ་བ་མགོན་པོའི་མཚན་གྱི་ཆ་ཤས་ཟླ་བ་ཞེས་པ་དེ་ཟླ་བ་གྲགས་པར་གནང་བ་དང་། རྒྱལ་སྲས་ཞི་བ་ལྷའི་མཁན་པོ་རྒྱལ་བའི་ལྷའི་མཚན་གྱི་ཆ་ཤས་ལྷ་ཞེས་པ་དེ་ཞི་བ་ལྷར་གནང་ནས་ཞི་བ་ལྷ་ཞེས་བཏགས་པ་དང་། དཔལ་ཆོས་ཀྱི་གྲགས་པའི་མཁན་པོ་དཔལ་ལྡན་ཆོས་སྐྱོང་ཞེས་པའི་མཚན་གྱི་ཆ་ཤས་ཆོས་ཀྱི་གྲགས་པར་གནང་ནས་ཆོས་གྲགས་ཞེས་བཏགས་པ། ད་དུང་སློབ་དཔོན་ཀ་མ་ལ་ཤཱི་ལའི་མཁན་པོ་ཀ་མ་ལ་རཀྵི་ཏའི་མཚན་ཟུར་ཀ་མ་ལ་ཞེས་པ་དེ་སློབ་དཔོན་ཀ་མ་ལ་ཤཱི་ལར་གནང་བ་སོགས་སློབ་དཔོན་ནམ་མཁན་པོའི་མཚན་གྱི་ཆ་ཤས་སློབ་མར་གནང་སྲོལ་དེ་གདན་ས་ཆེན་པོ་འདི་ཉིད་བརྒྱུད་དེ། དུས་ཕྱིས་བོད་དུ་དར་བ་ཞིག་ཡིན་སྟབས་རང་རེ་བོད་དུ་རབ་བྱུང་སྒྲུབ་མཁན་གྱི་མཁན་པོའི་མཚན་ཟུར་སློབ་མར་གནང་སྲོལ་འཕེལ་རྒྱས་ཤུགས་ཆེན་བྱུང་བ་དང་། ཚུལ་དེ་མུ་མཐུད་དུ་དར་ནས་དེང་སང་བོད་མི་ན་གཞོན་མང་པོའི་མིང་གི་ཐོག་མར་༸གོང་ས་མཆོག་གི་མཚན་གྱི་ཆ་ཤས་བསྟན་འཛིན་ཟེར་བ་དེ་འདོགས་སྲོལ་བྱུང་བ་སོགས་ཀྱི་འབྱུང་ཁུངས་ནི། དཔལ་ནཱལཱནྡཱ་ཡིན་པར་ཤོད་རུང་བའང་ཡིན་ནོ།།[1]
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ནཱལཱནྡཱ་ཞིབ་འཇུག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༨༤
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༤༩༩ ནས་ ༥༠༠ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།