དབུ་མ་རྩ་བ་དང་། བཞི་བརྒྱ་པ། དབུ་མ་འཇུག་པ། སྤྱོད་འཇུག་བཅས་ཁ་ཏོན་དུ་བྱེད་པའི་སྔོན་དུ་འདོན་རྒྱུའི་བསྟོད་པ།
༼མཛད་པ་པོ། པཎ་ཆེན་བློ་བཟང་ཆོས་རྒྱན་ (1570-1662) གྱིས་མཛད།༽
སྭསྟི། ཐུབ་པའི་དབང་པོས་རྒྱལ་བའི་བསྟན་པ་ལ། །
བདག་ཉིད་ཇི་བཞིན་ལེགས་པར་བསྔགས་པ་ཡི། །
གདེངས་ཀ་ནོར་བུའི་འོད་ཆགས་སྐྱེ་དགུའི་གཉེན། །
འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ། །
ཞེས་པ་འདི་ཡང་དབུ་མ་རྩ་བ་ཁ་ཏོན་དུ་བྱེད་པའི་སྔོན་དུ་གདོན་ཕྱིར་དགེ་སློང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་སྨྲས་པའོ།།
རྒྱལ་བའི་མདུན་སར་ལེགས་སྨོན་མཐུ་གྲུབ་པས། །
རྣམ་དག་ལུང་རིགས་རྡོ་རྗེའི་མེ་ཆར་གྱིས། །
དྲེགས་ལྡན་མུ་སྟེགས་ལོག་སྨྲའི་ཀླད་འགེམས་པ། །
ཨཱརྱ་དེ་བའི་ཞབས་ལ་ཕྱག་འཚལ་ལོ། །
འདི་ཡང་བཞི་བརྒྱ་པ་ཁ་ཏོན་དུ་བྱེད་པའི་སྔོན་དུ་གདོན་ཕྱིར་སྨྲས་པའོ། །
ན་མོ་མཉྫུ་གྷོ་ཥཱ་ཡ།
ཡངས་རྒྱས་གཉིས་པའི་གཞུང་ལུགས་ཀུནྡའི་ཚལ། །
གསལ་མཛད་འཕགས་ཡུལ་མཁས་གྲུབ་ཀུན་གྱི་གཙོ། །
སྨྲ་བའི་ཟླ་བ་གྲགས་པའི་འོད་དཀར་ཅན། །
འགྲོ་བའི་གདུང་བ་སེལ་ལ་ཕྱག་འཚལ་ལོ། །
ཞེས་དཔལ་ལྡན་ཟླ་བའི་ཞབས་ལ་བསྟོད་པ་འདི་ཡང་བདག་ཉིད་དབུ་མ་ལ་འཇུག་པ་ངག་འདོན་དུ་བྱ་བའི་སྔོན་དུ་གདོན་པའི་ཕྱིར། མགོན་པོ་དེ་ཉིད་ལ་དད་པའི་སེམས་ཀྱིས་བསྐུལ་བའི་བྱེད་པོས་མཚམས་སྦྱར་ཏེ། དགེ་སློང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བཀོད་པའོ།།
ཟབ་དང་རྒྱ་ཆེ་ཤིང་རྟ་ཆེན་པོའི་སྲོལ། །
ལེགས་པར་གསལ་མཛད་འཛམ་གླིང་མཛེས་པའི་རྒྱན། །
བདེ་གཤེགས་སྲས་པོ་ཐུབ་དབང་གཉིས་པའི་རྗེ། །
མགོན་པོ་ཞི་བའི་ལྷ་ལ་ཕྱག་འཚལ་ལོ། །
ཞེས་པ་ཡང་སྤྱོད་འཇུག་ཁ་ཏོན་དུ་བྱེད་པའི་སྔོན་དུ་གདོན་ཕྱིར་བཀོད་པའོ། །[1]
[1] པཎ་ཆེན་བློ་བཟང་ཆོས་རྒྱལ་གྱི་གསུང་འབུམ། ༼ཅ༽ བཀྲས་ལྷུན་དཔེ་མཛོད་ཁང་། ༢༠༡༣ ལོ། ཤོག་གྲངས་ ༣༤
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།