ག༽ རྩོམ་སྒྱུར་ཞུ་གསུམ་གནང་མཁན་གྱི་ལོ་པཎ་མཁན་གསུམ།
ཀ༽ དེ་ལྟའི་རྨད་བྱུང་གི་ལེགས་བཤད་མཛད་པ་པོའི་མཚན་གྱི་རྣམ་གྲངས་ལ། ལེགས་སྦྱར་གྱི་མཚན་ལ་ཀ་མ་ལ་ཤཱི་ལ་དང་། བོད་སྐད་དུ་བསྒྱུར་བའི་མཚན་ལ་པདྨའི་ངང་ཚུལ་གཉིས་ཡོད་པ་ལས། ད་ལྟ་ང་ཚོས་མཇལ་རྒྱུ་ཡོད་པའི་གོང་གསལ་ལེགས་བཤད་ཀྱི་མཛད་བྱང་ཁག་ལ་ཞིབ་ཏུ་དཔྱད་ཚེ་གཞུང་དངོས་དང་། དཀར་ཆག་ཏུ་བཀོད་པའི་མཛད་པ་པོའི་མཚན་གཉིས་མི་འདྲ་ཡང་།
བསྟན་འགྱུར་པར་མ་ཁག་གི་དཀར་ཆག་དང་། གཞུང་དངོས་ཀྱི་མཛད་བྱང་ཁག་ནས་ཆད་པ་ཁ་སྐོང་བྱས་ཚེ་ཆོས་ཚན་ཚང་མའི་མཛད་བྱང་དུ་ལེགས་སྦྱར་གྱི་མཚན་ཀ་མ་ལ་ཤཱི་ལ་ཞེས་འཁོད་པ་གཅིག་མཚུངས་ཡིན་ཅིང་། མཚན་ཟུར་དུ་སློབ་དཔོན་ཀ་མ་ལ་ཤཱི་ལ་ཞེས་གསལ་བ་ ༡༧ དང་། ལེགས་སྦྱར་གྱི་ཨཱ་ཙཱརྱ་ཀ་མ་ལ་ཤཱི་ལ་ཞེས་འཁོད་པ་ ༡། གཞན་ཡང་མཚན་ཟུར་དུ་སློབ་དཔོན་མང་དུ་ཐོས་པ་ཀ་མ་ལ་ཤཱི་ལ་ཞེས་གསལ་བ་ ༡ དང་། སློབ་དཔོན་ཆེན་པོ་ཀ་མ་ཤཱི་ལ་ཞེས་གསལ་བ་ ༡ བཅས་མཆིས་པ་ལས། མཚན་ཟུར་དུ་རྗེ་བཙུན་དང་། རྣལ་འབྱོར་གྱི་དབང་ཕྱུག་ཅེས་འཁོད་པ་གཅིག་ཀྱང་མི་སྣང་ངོ་།།
ཁ༽ གསུང་བཟང་རྣམས་ལེགས་སྦྱར་གྱི་སྐད་ནས་བོད་གངས་ཅན་པའི་སྐད་དུ་བསྒྱུར་ཞུས་གཏན་འབེབས་མཛད་མཁན་གྱི་རྒྱ་གར་བའི་མཁན་པོ་དང་པཎྜི་ཏ་ནི། དང་པོ། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང༌། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི། རྒྱ་གར་གྱི་མཁན་པོ་ཀུ་མ་ཤི་པ་ཏྲ། རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ། རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སི་ཾཧ། རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དེ་ཝེནྡྲ་བྷ་དྲ་བཅས་རྒྱ་གར་འཕགས་ཡུལ་གྱི་མཁན་པོ་ཞལ་གྲངས་ ༡༠ དང་།
གཉིས་པ། ལིའི་མཁན་པོ་སུ་རེནྡྲཱ་ཀ་ར་པྲ་བྷཱ། གསུམ་པ། བོད་གངས་ཅན་ལྗོངས་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ནམ་མཁའ་སྐྱོང་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པ། བོད་ཀྱི་ལོ་ཙཱ་བ་འཕགས་པ་ཤེས་རབ། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏ། ཞ་ལུ་ལོ་ཙཱ་བ་དགེ་སློང་དྷརྨ་པཱ་ལ་བྷ་དྲ། བོད་ཀྱི་ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ། ལོ་ཙཱ་བ་དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེ། ལོ་ཙཱ་བ་རིན་ཆེན་བཟང་པོ་བཅས་མཚན་དངོས་སུ་གསལ་བ་ཞལ་གྲངས་ ༨ དང་། བསྟན་བཅོས་ཆ་ཚང་ལ་འགྱུར་བྱང་གསལ་ཡང་བསྒྱུར་ཞུས་གཏན་ལ་འབེབས་མཁན་གྱི་ལོ་པཎ་རྣམས་ཀྱི་མཚན་གྱི་ཁོངས་སུ་སོགས་སྒྲ་གཅིག་འདུག་པ་སུ་ཡིན་ལྐོག་གྱུར་ལ་བརྟེན་འགོད་ཐབས་མ་གྱུར་པ་ལས། མཚན་དངོས་སུ་གསལ་བ་རྒྱ་གར་གྱི་མཁན་པོ་ ༡༠ དང་། ལི་ཡུལ་གྱི་མཁན་པོ་ ༡ བོད་ཀྱི་ལོ་ཙཱ་བ་ ༨ བཅས་ཁྱོན་བསྡོམས་རྒྱལ་ཁབ་གསུམ་གྱི་མཁན་པོ་དང་། པཎྜི་ཏ། ལོ་ཙཱ་བ་ཞལ་གྲངས་ ༡༩ བཅས་ཀྱིས་སློབ་དཔོན་ཀ་མ་ལ་ཤཱི་ལ་སྟེ་པདྨའི་ངང་ཚུལ་ཞབས་ཀྱི་གསུང་བཟང་རྣམས་ལེགས་སྦྱར་ལྷ་ཡི་སྐད་ལས་བོད་གངས་ཅན་པའི་སྐད་དུ་བསྒྱུར་ཞུས་གཏན་ལ་ཕབ་པའོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༨༣ ནས་ ༡༨༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།