ཁ༽ གྲུབ་ཐོབ་ཆེ་འབྲིང་ཆུང་གསུམ་གྱི་དབྱེ་བ་དང་། ག༽ རིག་འཛིན་གྱི་དབྱེ་བ་དང་གྲུབ་རྟགས།

ཁ༽ གྲུབ་ཐོབ་ཆེ་འབྲིང་ཆུང་གསུམ་གྱི་དབྱེ་བ།

 

དེ་ཡང་ས་པཎ་ (1182-1251) གྱི་སྡོམ་གསུམ་རབ་དབྱེ་ལས[1]། འདི་ལ་མ་མཐའ་ཡང་མཐོང་ལམ་གྱི་རྟོགས་པ་ཐོབ་པ་ཞིག་དགོས་པར་ཡང་བཤད་དེ། དེ་ཉིད་ལས།

ལ་ལ་གྲུབ་ཐོབ་ངན་ཞེས་ཟེར། །རྟོགས་ལྡན་བཟང་བ་ཡིན་ནོ་ལོ། །

གྲུབ་ཐོབ་བརྒྱད་ཅུའི་ནང་ན་ཡང་། །རྟོགས་ལྡན་མེད་ཅེས་ཟེར་བ་ཐོས། །

འདི་འདྲའི་འཕགས་པའི་གང་ཟག་དང་། །བླ་མ་རྣམས་ལ་སྐུར་འདེབས་ཡིན། །

འདི་འདྲ་འཛིན་པ་ལྟ་ཅི་སྨོས། །ཐོས་པར་གྱུར་ཀྱང་རྣ་བ་དགབ། །

དེ་ཡི་འཐད་པ་བཤད་ཀྱིས་ཉོན། །གྲུབ་ཐོབ་ཆུང་ངུ་མཐོང་ལམ་ཡིན། །

གྲུབ་ཐོབ་འབྲིང་པོ་ས་བརྒྱད་པ། །གྲུབ་ཐོབ་ཆེན་པོ་སངས་རྒྱས་ས། །

འཕགས་པ་མིན་ལ་གྲུབ་ཐོབ་མེད། །མདོ་སྡེ་རྒྱན་ལས་འདི་སྐད་གསུངས། །

གྲུབ་པ་དག་དང་མ་གྲུབ་དང་། །གྲུབ་པ་དག་ཏུ་ཤེས་པར་བྱ། །

མ་གྲུབ་པ་ཡང་གྲུབ་པ་དང་། །གྲུབ་པ་དག་ཏུ་ཡང་དག་འདོད། །

ཅེས་གསུངས་དགོངས་པ་དེ་ཉིད་ཡིན། །

ཞེས་གསུངས་པ་ལྟར་གྲུབ་ཐོབ་ལ་ནང་གསེས་ཆུང་འབྲིང་ཆེ་གསུམ་ཡོད་པ་སྟེ། དེ་ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[2]། སྟོང་པ་ཉིད་རྟོགས་ནས་མཐོང་ལམ་ཐོབ་ན་གྲུབ་ཐོབ་ཆུང་ངུ་དང་། ས་བརྒྱད་པ་ཐོབ་ནས་སྒོམ་སྤང་སྤངས་ན་གྲུབ་ཐོབ་འབྲིང་པོ། སངས་རྒྱས་ན་གྲུབ་ཐོབ་ཆེན་པོ་ཞེས་བཤད་སྲོལ་གཅིག་དང་། གསང་སྔགས་ཀྱི་དབང་དུ་བྱས་ན་བསྐྱེད་རིམ་མཐར་ཕྱིན་ན་གྲུབ་ཐོབ་ཆུང་ངུ་དང་། རིམ་པ་བཞི་པའི་དོན་གྱི་འོད་གསལ་ཐོབ་ན་གྲུབ་ཐོབ་འབྲིང་པོ། མི་སློབ་པའི་ཟུང་འཇུག་ཐོབ་ན་གྲུབ་ཐོབ་ཆེན་པོ་ཞེས་བཤད་སྲོལ་ཡོད་ཚུལ་གསུངས་པ་ལྟར་རོ།།  །།

 

ག༽ རིག་འཛིན་གྱི་དབྱེ་བ་དང་གྲུབ་རྟགས།

 

དེ་ཡང་། མིག་འཁྲུལ་སྣ་ཚོགས་ཤེས་པ་ལ་གྲུབ་ཐོབ་ཟེར་བ་མིན། །གནས་ལུགས་གཉུག་མ་རྟོགས་ན་གྲུབ་ཐོབ་ཟེར་བ་ཡིན། །[3]ཞེས་པ་ལྟར་གྲུབ་པའི་རིག་འཛིན་ནི། ཐུན་མོང་དངོས་གྲུབ་མིག་སྨན་དང་། རལ་གྲི། སྔགས་ཀྱི་དངོས་གྲུབ་སོགས་ལ་གྲུབ་པའི་རིག་པ་ཞེས་བྱ་ལ། དངོས་གྲུབ་དེ་ཐོབ་པ་ལ་གྲུབ་པའི་རིག་པ་འཛིན་པ་ཞེས་བྱའོ། །ཞེས་དབྱངས་ཅན་དགའ་བློས་གསུངས་ལ། དེ་ལྟའི་རིག་པ་འཛིན་པ་ལ་དབྱེ་ན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[4]། རིག་པ་འཛིན་པ་གསུམ་སྟེ། རྫས་ཀྱི་རིག་འཛིན། ལོངས་སྤྱོད་ཀྱི་རིག་འཛིན། ལུས་ཀྱི་རིག་འཛིན་གསུམ་ཟེར་རོ། །རྫས་ཀྱི་རིག་འཛིན་ནི་མིག་སྨན་དང་རྫས་ཀྱིས་ཐུན་མོང་གི་དངོས་གྲུབ་ཐོབ་པ་ལྟ་བུའོ། །ལོངས་སྤྱོད་ཀྱི་རིག་འཛིན་ནི་རང་སྣང་དུ་འཁོར་བསྒྱུར་གྱི་ལོངས་སྤྱོད་ཐོབ་པ་ལྟ་བུ་ལ་ཟེར་རོ། །ལུས་ཀྱི་རིག་འཛིན་ནི་མི་ལུས་མ་སྤངས་པར་འདོད་པའི་ལྷ་དང་སྐལ་བ་མཉམ་པའི་འཇའ་ལུས་ཐོབ་པ་ལྟ་བུ་ལ་ཟེར་རོ། །ཞེས་གསལ་བ་ལྟར། གསང་སྔགས་ཀྱི་གཞུང་ལུགས་ལྟར་ན། གསང་སྔགས་ཀྱི་ལམ་ལ་ཞུགས་ནས་བསྐྱེད་རིམ་གྱི་རྟོགས་པ་ཐོབ་རྗེས་སུ་རྫོགས་རིམ་གྱི་རིམ་པ་གསུམ་པའི་སྒྱུ་ལུས་ཐོབ་ན་ཚེ་དེ་ལ་སངས་རྒྱས་པར་ངེས་ཤིང་། སྐབས་དེར་རང་གིས་རྣམ་སྨིན་རྡོས་བཅས་ཤ་ཁྲག་ལས་གྲུབ་པའི་ལུས་འདི་ཡོངས་སུ་དག་ནས་འཇའ་ལུས་རིག་པ་འཛིན་པའི་གནས་སུ་འགྱུར་འགྲོ་བས་ན་དེ་ལ་རིག་པ་འཛིན་པའི་གྲལ་ཞེས་ཀྱང་བྱའོ།།

དེ་ལྟ་བུའི་གྲུབ་པའི་ཡོན་ཏན་ནམ་ཐུགས་རྒྱུད་ཀྱི་ཉམས་རྟོགས་རྒྱུད་ལ་ལྡན་པའི་རྟགས་སམ་གྲུབ་རྟགས་ནི། ནང་དུ་གྲུབ་པའམ་རྟོགས་པའི་ཡོན་ཏན་མཐོན་པོར་སོན་པའི་ཕྱིའི་རྟགས་མཚན་ཏེ། གྲུབ་རྟགས་ཚད་ལྡན་ཞིག་ཡིན་ན། གཙོ་བོར་ནང་དུ་བདག་འཛིན་དུལ་བ་ལས་བྱུང་བ་ཞིག་དགོས་ཀྱི། དེ་ལྟར་མིན་ན། གྲུབ་རྟགས་ཀྱི་གཟུགས་བརྙན་ཙམ་ཡིན་པར་གསུངས། དེ་ཡང་མཁས་གྲུབ་ཆོས་རྗེའི་ (1385-1438) རྟོགས་པ་དང་ལྡན་པ་དག་ལ་གཏམ་དུ་བྱ་བ་གཟུགས་བརྙན་གསལ་བར་བྱེད་པའི་མེ་ལོང་ལས[5]།

བདག་འཛིན་ཉོན་མོངས་ཆ་ཙམ་མ་བྲི་ཡང་། །

ལུས་ཀྱི་འབྱུང་བ་ཅུང་ཟད་སྙོམས་པ་དང་། །

ཉམས་ལེན་མི་ཤེས་འཁྲུལ་བའི་བན་བུན་གྱིས། །

བླུན་པོའི་མགོ་སྐོར་གྲུབ་རྟགས་གཟུགས་བརྙན་ཡིན། །

ཞེས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། ༼ན༽ མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་ ༨༦

[2] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༥༦༩

[3] གསལ་བཤད། རྩོམ་པ་པོ་མི་གསལ་བའི་ཤོག་ལྷེ་བྲིས་མ་ཞིག་རྙེད་པ་ལས་བཀོད།

[4] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༩༠༢

[5] མཁས་གྲུབ་རྗེའི་གསུང་འབུམ། གསུང་ཐོར་བུ། དཔེ་རིང་། ཤོག་གྲངས་ ༤༥ན༦

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༦༢ ནས་ ༡༦༥ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *