༣༽ གནུབས་ལོ་ཙཱ་བ་བྱམས་པའི་དཔལ།
གནུབས་ལོ་ཙཱ་བའམ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་ལམ། མཚན་གྱི་རྣམ་གྲངས་ལ་ཚུལ་ཁྲིམས་ཤེས་རབ་དང་། ཁྲོ་ལོ། གནུབས་ལོ། གནུབས་ལོ་ཆུང་སོགས་སུ་གྲགས་ཤིང་། རབ་བྱུང་གསུམ་པའི་ཆུ་སྦྲུལ་ཕྱི་ལོ་ ༡༡༧༣ ལོར་གཙང་ཡུལ་ཤབ་སྨད་དུ་ཡབ་ཇོ་འཕན་དང་། ཡུམ་སྲེག་མོ་གསལ་བྱེད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདི་པ་ཕག་གྲུ་པའི་དངོས་སློབ་རྒྱལ་ཚ་རི་མགོན་དང་།
དེའི་དབོན་པོ་ཀུན་ལྡན་རས་ཆུང་གཉིས་ཡོད་པའི་ཀུན་ལྡན་རས་པའི་དབོན་པོ་ཡིན། དགུང་ལོ་དྲུག་ནས་ཡི་གེ་འབྲི་ཀློག་སྦྱངས། དགུང་ལོ་བཅུ་ལ་ཕེབས་སྐབས་རྒྱལ་ཚ་རིན་ཆེན་མགོན་དང་། ཀུན་ལྡན་རས་པ་གཉིས་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་དྲུག་པར་གཙང་དཀར་པ་ལས་དབུ་མ་དང་བྱམས་ཆོས་སོགས་གསན། ཞང་དགེ་བ་ལས་ལོ་ཙཱ་བསླབས་པས་མཁས་པར་གྱུར། རྒྱལ་ཚ་རིན་ཆེན་མགོན་དང་། ཀུན་ལྡན་རས་པ་གཉིས་ལས་གདམས་ངག་མི་འདྲ་བ་བརྒྱ་དང་སུམ་ཅུ་རྩ་དྲུག་དང༌། བཀའ་བབས་བཅུ་གསུམ་བཅས་པ་མཐའ་དག་གསན། དགུང་ལོ་བཅུ་དགུ་པ་སྟེ་ཕྱི་ལོ་ ༡༡༩༡ ལོར་མཁན་པོ་རྒྱལ་ཚ་རིན་པོ་ཆེ་ལས་བསྙེན་པར་རྫོགས། དགེ་བཤེས་གཙང་པ་དང་། གཙང་དཀར་བ་གཉིས་ལས་གཞུང་ལ་སྦྱངས་ཤིང་། ཞང་དགེ་བ་ལས་ལོ་ཙཱ་དང་། རྩེ་སྟོན་ཀུན་བཟང་ལས་རྡོར་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ལྔ་བརྒྱ་ལྷག་གི་ཕྱག་ལེན་དང་མན་ངག་བསླབས། ཕྱི་ལོ་ ༡༡༩༦ ལོར་དགུང་ལོ་ཉེར་བཞི་པར་བལ་ཡུལ་དུ་བྱོན།
རབ་བྱུང་གསུམ་པའི་ས་རྟ་ཕྱི་ལོ་ ༡༡༩༨ ལོར་ཐོག་མར་བོད་དུ་གྲུབ་ཆེན་མི་ཏྲ་ཛོ་ཀི་སྤྱན་དྲངས་ཏེ་བདེ་ཆེན་རལ་གཅིག་སྐོར་དང༌། སེམས་ཉིད་ངལ་གསོའི་སྐོར་ལ་སོགས་པ་ཐོག་མར་བསྒྱུར། དེ་ནས་པཎྜི་ཏ་བུདྡྷ་ཤྲཱི་སྤྱན་དྲངས་ཏེ་མངོན་རྟོགས་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མ་[1]དང་། རྒྱལ་བའི་ལམ་འཇུག་ལ་སོགས་པ་བསྒྱུར། ཤིང་བྱི་ཕྱི་ལོ་ ༡༢༠༤ ལོར་བོད་དུ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་སྤྱན་དྲངས་ཏེ་ཡུན་རིང་གསུང་ཆོས་སྐབས་ལོ་ཙཱ་མཛད། ཁ་ཆེ་པཎ་ཆེན་བུདྡྷ་ཤྲཱི་ལས་མདོ་སྔགས་ཀྱི་གདམས་ངག་མང་དུ་གསན། ཁྲོ་ཕུར་གཞུང་ཆེན་མོའི་འཆད་ཉན་གྱི་སྲོལ་བཏོད། དགའ་ལྡན་གྱི་གཙུག་ལག་ཁང་དང་བྱམས་ཆེན་གསེར་ཟངས་ལས་གྲུབ་པའི་མིའི་ཁྲུ་བརྒྱད་ཅུ་པའི་སྐུ་ཚད་བཞེངས། དགོན་ལག་གཞན་བསྐྲུན་པ་ (ཁྲོ་རུ་དགོན་པ་) སོགས་རླབས་ཆེན་གྱི་འཕྲིན་ལས་མཐར་ཕྱིན་ནས་དགུང་ལོ་ཞེ་བརྒྱད་པར་ཁྲོ་ཕུའི་གཉན་མཁར་གྱི་བྲག་སེང་གེ་རྫོང་དུ་སྒྲུབ་པ་མཛད་ནས་བཞུགས། རབ་བྱུང་བཞི་པའི་ཤིང་བྱ་ཕྱི་ལོ་ ༡༢༢༥ ལོར་སྐུ་གཤེགས་པ་དང་། ལ་ལར་དགུང་ལོ་རེ་བཞི་བཞེས་པ་ཕྱི་ལོ་ ༡༢༣༦ ལོར་སྐུ་གཤེགས་པར་གསུངས[2]། ཁོང་གི་སློབ་མ་གྲགས་ཆེ་བ་ནི། བླ་ཆེན་བསོད་ནམས་དབང་ཕྱུག་དང་། མཁན་ཆེན་བྱང་ཆུབ་དཔལ། ཡང་རྩེ་བ་རིན་ཆེན་སེངྒེ་སངས་རྒྱས་ཞིག་ཆེན། བྱམས་པ་སྒྲུབ་བརྒྱུད་བསྟན་འཛིན། སྔོ་ཚ་གྲགས་པ་དཔལ། གཉོས་ལོ་རྩེ་བ། བླ་མ་རྡོ་རྗེ་དབང༌། རས་མ་སེང་རྒྱལ། རོང་པ་རྒ་ལོ་བཅས་སོ།།
སྒྱུར་རྩོམ་ནི། བཀའ་འགྱུར་ལས། བཅོམ་ལྡན་འདས་རལ་པ་གཅིག་པའི་བརྟག་པའི་རྒྱུད་ཀྱི་རྒྱལ་པོ་དང་། བསྟན་འགྱུར་ལས། གྲུབ་པ་བརྙེས་པའི་པཎྜི་ཏ་ཆེན་པོ་ཨ་ཏི་ཏ་མི་ཏྲ་གུཔྟས་མཛད་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་བརྒྱ་རྩ་བརྒྱད།[3] ལྷག་པར་སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་འཕགས་པ་བྱམས་པའི་སྒྲུབ་ཐབས་ལ་གནུབས་ལོ་ཙཱ་བས་དག་པར་བཅོས་པ་སོགས་ཤིན་ཏུ་མང་ངོ་།།
དེ་འཕྲོས་འཕགས་པ་ཐོགས་ཀྱི་གསུང་སྒྲ་སྒྱུར་མཛད་པ་པོ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ། ༤༽ ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་ཆོས་ཀྱི་སྐུ་ལ་གནས་པའི་ཡོན་ཏན་ཐུན་མོང་མ་ཡིན་པ་ལ་བསྟོད་པ་དང་། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་རྣམ་པར་བཤད་པ། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ། རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ། རྣལ་འབྱོར་སྤྱོད་པའི་ས་ལས་འདུལ་བ་བསྡུ་བ། རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་པར་བཤད་པ་བསྡུ་བ། ཐེག་པ་ཆེན་པོ་བསྡུས་པ། ཆོས་མངོན་པ་ཀུན་ལས་བཏུས་པ་བཅས་སྒྲ་སྒྱུར་མཛད་པས། སློབ་དཔོན་ཐོགས་མེད་ཀྱི་གཞུང་སྒྱུར་མཁན་གཙོ་བོ་ལོ་ཙཱ་བ་འདི་ཉིད་ཡིན་འདུག །༥༽ ལོ་ཙཱ་བ་དགེ་སློང་རྔོག་བློ་ལྡན་ཤེས་རབ་ཀྱིས་སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་རྣམ་པར་བཤད་པ་སྒྲ་སྒྱུར་མཛད། ༦༽ ལོ་ཙཱ་བ་རིན་ཆེན་བཟང་པོས་རྣལ་འབྱོར་པ་མིག་གི་སྙིང་པོ་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་བསམ་གཏན་གྱི་སྒྲོན་མ་ཞེས་བྱ་བའི་མན་ངག་སྒྲ་སྒྱུར་མཛད་པ་བཅས་ལོ་ཙཱ་བ་འདི་གསུམ་གྱི་རྣམ་ཐར་རྒྱལ་སྲས་ཞི་བ་ལྷའི་གསུང་གི་སྐབས་སུ་བཀོད་ཟིན། ༧༽ ལོ་ཙཱ་བ་ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདིའི་རྣམ་ཐར་སློབ་དཔོན་ཕྱོགས་གླང་གི་གསུང་གི་སྐབས་སུ་བཀོད་ཟིན་པས་དེར་གཟིགས་པར་འཚལ་ལོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] མངོན་རྟོགས་རྒྱན་ལ་རྒྱ་འགྲེལ་ཉེར་གཅིག་ཡོངས་གྲགས་ལྟར་དང་། བོད་འགྲེལ་བརྒྱ་དང་ལྔ་བཅུ་ཙམ་ཡོད་པར་གྲགས།
[2] བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ ལོ། ཤོག་གྲངས་ ༡༠༥
[3] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༡༤/༡༣༨/༢༨༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥༡ ནས་ ༢༥༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།