ད༽ ཀླུ་སྒྲུབ་མཁན་པོ་གང་ལས་རབ་ཏུ་བྱུང་མིན།
དེ་ཡང་རྫོགས་ཆེན་མཁན་ཆེན་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོས་ (1899-1959) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ཨུ་དུམ་ཝ་རའི་ཆུན་འཕྱང་ལས[1]།
རྒྱལ་གསུང་ཆུ་གཏེར་ཆེ་ལ་དབང་བསྒྱུར་ནས། །ལེགས་བཤད་རིན་ཆེན་འབར་བའི་གདེངས་ཀ་ལས། །
སྐལ་བཟང་ཡིད་ཀྱི་འདོད་པ་ཀུན་སྩོལ་བའི། །ཀླུ་སྒྲུབ་ཀླུ་ཡི་དབང་པོར་གུས་པས་འདུད། །
ཅེས་བསྔགས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་མཁན་པོ་གང་གི་དྲུང་ནས་རབ་ཏུ་བྱུང་བ་ནི། ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག་ལས[2]། དགེ་སློང་དབང་པོའི་སྡེ་ལ་རབ་ཏུ་བྱུང་༔ ཞེས་དང་། དགུང་ལོ་ཇི་ཙམ་ལ་རབ་ཏུ་བྱུང་བ་ནི། ཡར་རྗེ་ཨོ་རྒྱན་གླིང་པས་ (1323-?) གཏེར་ནས་བཞེས་པའི་བཀའ་ཐང་སྡེ་ལྔ་ལས[3]།
དགུང་ལོ་བརྒྱད་ནི་ལོན་ཙ་ན༔ དབང་པོའི་སྡེ་ལ་རབ་ཏུ་བྱུང༔
ཞེས་གསུངས་པ་ལྟར་དགུང་ལོ་བརྒྱད་ལ་ཕེབས་སྐབས་རབ་བྱུང་གི་མཁན་པོ་དབང་པོའི་སྡེ་ལས་རབ་ཏུ་བྱུང་བར་གསུངས། འོན་ཀྱང་ཡོངས་གྲགས་དགུང་ལོ་བརྒྱད་ལ་རབ་ཏུ་བྱུང་བ་དང་། དགུང་ལོ་ཉི་ཤུར་[4]བསྙེན་པར་རྫོགས་པ་བཅས་ཀྱི་མཁན་པོ་ནི་གྲུབ་ཆེན་ས་ར་ཧ་སྟེ་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ཡིན་པར་གསལ་བ་ནི། ༸རྒྱལ་བ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ལ་བསྟོད་པ་མཆོག་ཏུ་དད་པའི་སྒྲ་དབྱངས་ལས[5]། དེར་ནི་ལྷ་བརྒྱའི་གཙུག་ནོར་འོད་ཟེར་དང་། །རབ་མཛེས་ཐུན་མཚམས་སུ་ཤར་ཟླ་འོད་བཞིན། །མདའ་བསྣུན་ཞབས་སེན་མཆོག་གི་དངོས་གྲུབ་ནི། །རྣམ་པ་དང་བཅས་ཁྱོད་ཀྱི་སྤྱི་བོར་ལྷུང་། །ངུར་སྨྲིག་རྒྱལ་མཚན་གྱིས་བཀླུབས་ཚེ་དཔག་མེད། །འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྐུར། །དུས་ཀྱི་བེ་ཅོན་རི་མོའི་གནས་བཀོད་དེ། །འཆི་བདག་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ། །སྒྲ་གཅན་འཛིན་ལས་དགེ་སློང་དངོས་པོ་ནི། །ལེགས་བཞེས་དཔལ་ལྡན་ཐུབ་པའི་མཚན་འཆང་བ། །ཐུན་མཚམས་སྤྲིན་ཆགས་འཆི་མེད་རི་བོ་ཡི། །མཛེས་པ་ཕམ་པར་མཛད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ།།
མཁན་པོ་འཇམ་དབྱངས་གྲུབ་པའི་བློ་གྲོས་ (1932-?) ཀྱིས་མཛད་པའི་སངས་རྒྱས་གཉིས་པ་དཔལ་ལྡན་ཀླུ་ཡི་དབང་པོ་ལ་བསྟོད་པ་ནོར་བུའི་མགུལ་རྒྱན་སྨོན་པའི་རེ་སྐོང་ལས[6]། སྔོན་ཚེ་བདེ་གཤེགས་ཀླུ་རིགས་སྒྲོན་མེའི་གར་སྟབས་མཁའ་ལ་བསྒྱུར་བའི་ཚེ། །དྷརྨ་རཱ་ཛཱ་ཀླུ་ཞེས་བྱ་བའི་ནོར་འཛིན་དབང་པོའི་ལྟོ་བ་ནི། །དད་པའི་འཁོར་ལོས་བཏུལ་ཏེ་གཞལ་མེད་སྦྱིན་པའི་ཆབ་ཀྱིས་བརླན་བཀྱེ་བཞིན། །རིན་ཆེན་སེམས་ཀྱི་མྱུ་གུ་ཐོག་མར་འཁྲུངས་པ་ཁྱེད་ལ་བདག་དད་ལགས། །སྔོན་དུས་ཤཱཀྱའི་སྤྲིན་ལས་ལུང་གི་མེ་ཏོག་ཡང་ཡང་འཐོར་བའི་འབྲས་བཟང་ནི། །ལྷོ་ཕྱོགས་བྷེ་དྷའི་འཛིན་མར་རྐང་འཐུང་གཞོན་ནུའི་རྣམ་དཔྱོད་གསར་དུ་ངོམས་པའི་ཚེ། །སྔོན་གོམས་བསོད་ནམས་མེ་ཏོག་བཞད་པས་ཐུབ་བསྟན་ཉི་གཞོན་འོད་ལ་འཛུམ་མིག་གཡོས། །བགྲང་བྱ་བདུན་ན་འཆི་མེད་དཔལ་བརྙེས་ཤེས་རབ་ལྷ་ཡི་རྐང་དྲུག་འབྲལ་མེད་འཁོར། །བྲམ་ཟེ་བཙུན་པའི་མཁྱེན་བརྩེའི་ཆུ་འཛིན་ལས་འཐོན་འདུལ་ཆོག་ཞི་བ་བསིལ་བའི་སྦྲང་ཆར་ནི། །ཁྱེད་སྐུར་རེག་པའི་མོད་ལ་ཉེས་སྤྱོད་བསྡམ་པའི་ཟོལ་གྱིས་གསེར་སྦྱངས་འབར་བའི་ལྷུན་པོར་ནི། །མཚམས་སྤྲིན་གཞོན་ལ་མཛེས་པའི་རེག་བྱས་དགའ་བས་འཁྱུད་ལྟར་བརྟུལ་ཞུགས་གསར་པའི་ཉམས་ཀྱིས་སྒེག །དགེ་སློང་དཔལ་ལྡན་སྙན་པའི་འབྲག་སྒྲ་དེ་ཡང་ལྡིར་ལ་ཆོས་འདུལ་དགའ་བའི་ཚལ་ཡང་རྒྱས། །ཞེས་གསུངས་པ་ལྟར། ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ལས་[7]ཀྱང་། དེ་ནས་ནཱ་ལེནྡྲར་བྱོན་ཏེ། སློབ་དཔོན་བྲམ་ཟེ་ཆེན་པོ་ས་ར་ཧ་དང་མཇལ། སློབ་དཔོན་གྱིས་བྲམ་ཟེའི་ཁྱེའུ་ཁྱོད་རབ་ཏུ་འབྱུང་བར་སྤྲོ་འམ་གསུངས་པ་ན། ཁྱེའུ་དེས་སྤྲོ་མོད་དེ་བདག་གི་ཚེ་ཟླ་བ་འགའ་ཞིག་ལས་མེད་པས་ལོང་མེད་ཞུས་པས། སློབ་དཔོན་གྱིས་རབ་ཏུ་བྱུང་ན་ཚེ་རིང་བའི་ཐབས་ཡོད་གསུངས་ནས་རབ་ཏུ་བྱུང་། རིགས་སྔགས་ཀྱི་རྒྱལ་པོ་རྨ་བྱ་ཆེན་མོའི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་ནས་ལོ་དྲུག་བརྒྱ་འཚོ་བར་བྱིན་གྱིས་བརླབས་སོ། །ཡང་འགའ་ཞིག་ཏུ་ཚེ་དཔག་མེད་འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྐུར་བར་ཡང་བཤད་ཅིང་། དེ་ལྟར་དབང་བསྐུར་བ་པོ་དང་། རབ་ཏུ་དབྱུང་བའི་མཁན་པོ་གཉིས་ཐ་དད་པར་ཡང་བཤད་དོ། །ཞེས་གསལ་ལོ།།
དེ་བཞིན་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[8]། འདི་ཉིད་བསྙེན་པར་རྫོགས་པའི་མཁན་པོ་ནི། ནཱ་ལེནྡྲའི་མཁན་པོ་བྲམ་ཟེ་སྒྲ་གཅན་ཟིན་ཞེས་པ་ཞིག་ཡིན་པར་རྣམ་ཐར་དང་ལོ་རྒྱུས་ཕལ་ཆེར་ལས་འབྱུང་ལ། སྒྲ་གཅན་ཟིན་དེ་ཉིད་ས་ར་ཧ་ཡིན་པར་འགའ་ཞིག་ལས་བཤད་མོད། གྲུབ་ཐོབ་ཀྱི་སྤྱི་མེས་ས་ར་ཧ་ཆེན་པོ་ཞེས་པ་ཡོངས་གྲགས་དེ་ཉིད་ནི་མིན་པར་སེམས་ཏེ། དེ་ཉིད་སློབ་དཔོན་འདི་འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་བཅུག་ནས་སྐུ་ཚེ་སྲིང་བ་པོ་ཡིན་ཡང་། དེ་ཉིད་ལས་མཁན་པོ་སྒྲ་གཅན་ཟིན་ལོགས་སུ་བཤད་པས་སོ། །བྲམ་ཟེ་སྒྲ་གཅན་ཟིན་གྱི་མཁན་པོ་ནི། སྲས་སྒྲ་གཅན་ཟིན་ཡིན་ལ། འདི་ཉིད་ཀུན་དགའ་བོ་དང་ན་མཉམ་ཡིན་མོད། སྐུ་ཚེ་དགུང་ལོ་སུམ་བརྒྱ་སྐོར་བཞུགས་པར་གསལ་ཏེ། མཁན་བུ་སྒྲ་གཅན་ཟིན་འདས་ལོ་ནས་ལོ་བཞི་བརྒྱ་སྐོར་དུ་བྱོན་པས་སོ། །རྣམ་པ་གཅིག་ཏུ་ན་འདི་སྐུ་འདས་པའི་ཚུལ་མ་བསྟན་པར་གསལ་ཏེ་གནས་བཅུའི་ནང་ཡིན་པས་སོ། །ཞེས་གསལ་བ་ལྟར་ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[9]། དེ་ལ་གྲུབ་ཆེན་ནག་པོ་སྤྱོད་པ་དང༌། ནག་པོ་སྤྱོད་པ་ཆུང་བ་དང༌། ནག་པོ་དམ་ཚིག་རྡོ་རྗེ་གསུམ་སོ་སོ་ཡིན་ལ། དེ་བཞིན་དུ་ཨིནྡྲ་བྷོ་དྷི་གསུམ། སྒྲ་གཅན་འཛིན་གསུམ། མར་མེ་མཛད་གསུམ། དཱ་རི་ཀ་པ་ལ་གཉིས། ཨ་མོ་གྷ་བཛྲ་གཉིས་བྱུང་བས་རྣམས་མིང་འདྲ་ཡང་གང་ཟག་སོ་སོ་བ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་སྒྲ་གཅན་འཛིན་ལ་རྒྱལ་སྲས་སྒྲ་གཅན་འཛིན་དང་། བྲམ་ཟེ་སྒྲ་གཅན་འཛིན། དམངས་རིགས་སྒྲ་གཅན་འཛིན་གསུམ་བྱོན་པ་ལས། རྒྱལ་སྲས་སྒྲ་གཅན་འཛིན་ནི། གནས་བཅུ་ལས།
པྲི་ཡང་ཀུ་ཡི་གླིང་ན་ནི། །འཕགས་པ་གནས་བརྟན་སྒྲ་གཅན་འཛིན། །
དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །རིན་ཆེན་པྲོག་ཞུ་འཛིན་ཕྱག་འཚལ། །
ཞེས་གསུངས་པའི་གནས་བརྟན་བཅུ་དྲུག་གི་ཡ་གྱལ་སྒྲ་གཅན་འཛིན་དེ་ཉིད་ཡིན་པར་གསུངས་ལ། གཞན་ཡང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ལས[10]། བྲམ་ཟེ་སྒྲ་གཅན་འཛིན་དང༌། གནས་བརྟན་སྒྲ་གཅན་འཛིན་ཐ་དད་པར་འདོད་པའང་སྣང༌། མི་ཉག་ལོ་ཙཱ་བའང་དེ་བཞིན་འདོད་པར་མངོན་ཏེ་དེ་ངོས་མི་འཐད་རྒྱུའང་མེད་དོ། །ཞེས་ཀྱང་བྱུང་བ་ལྟར་དེ་གཉིས་གཅིག་དང་ཐ་དད་གང་ཡིན་གྱི་འདོད་ལུགས་གཉིས་སུ་སྣང་ངོ་།།
མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[11]། མཁན་པོ་སྒྲ་གཅན་ཟིན་བཟང་པོ། སློབ་དཔོན་ཀླུ་སྒྲུབ་ཀྱི་བསྙེན་རྫོགས་ཀྱི་མཁན་པོ་རྒྱ་གར་སྐད་དུ་ར་ཧཱུ་ལ་ཤྲི་བྷ་དྲ་ཞེས་ཞུ་བ་དེ་ཡིན། སྤྱིར་རྒྱ་གར་དུ་མཚན་དེ་འདྲ་ཐོགས་པའི་སློབ་དཔོན་འགའ་ཞིག་བྱུང་ཡོད། ཅེས་གསལ་བ་ལྟར་སྒྲ་གཅན་འཛིན་བཟང་པོའི་མཚན་ཅན་གྱི་སློབ་དཔོན་མི་འདྲ་བ་གསུམ་བྱོན་པ་ནི། ༡༽ སློབ་དཔོན་ཀླུ་སྒྲུབ་ཀྱི་བླ་མ་སྒྲ་གཅན་འཛིན་བཟང་པོ་དང་། ༢༽ སློབ་དཔོན་ཨཱརྱ་དེ་ཝའི་སློབ་མ་སྒྲ་གཅན་འཛིན་བཟང་པོ། ༣༽ རྒྱལ་རིགས་སྒྲ་གཅན་འཛིན་བཟང་པོ་བཅས་སྤྱིར་སྒྲ་གཅན་འཛིན་བཟང་པོ་ལ་སྔ་ཕྱི་བར་གསུམ་བྱུང་བས་འདི་ནི་དང་པོ་དེ་ཡིན་ལ། དེ་ལྟར་ཡོངས་གྲགས་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་གྲུབ་ཆེན་ས་ར་ཧ་ནི། བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ཞེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཀྱི་གསང་སྔགས་ཀྱི་སློབ་དཔོན་དེའི་མཚན་ཡིན་པ་དང་། ས་ར་ཧ་ཞེས་པ་བོད་སྐད་དུ་བསྒྱུར་ན་མདའ་བསྣུན་ཞེས་པའི་དོན་དང་། དེ་ནི་དཔལ་ནཱ་ལེནྡྲའི་མཁས་པ་ཆེན་པོ་ཞིག་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་གྲུབ་ཆེན་དེ་ལས་གསང་བ་འདུས་པ་ལ་སོགས་པའི་གཞུང་གདམས་པ་དང་བཅས་པ་ཞུས་པ་ནི། རྗེ་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་རིམ་ལྔ་གསལ་སྒྲོན་ལས[12]། བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ས་ར་ཧས་ཀླུ་སྒྲུབ་ལ་བཤད་ཅིང་། ཞེས་གསུངས་ལ། སྐུ་ཚེའི་སྨད་ལ་གྲུབ་པ་ཐོབ་ནས་གྲུབ་ཆེན་ས་ར་ཧ་ཞེས་གྲགས་པར་ཀློང་རྡོལ་བླ་མ་རིན་པོ་ཆེ་དང་ཨ་མྱེས་ཞབས་སོགས་ཀྱིས་གསུངས་སོ།།
ཡང་མཁས་པ་ལྡེའུས་ (དུས་རབས་ 13 པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[13]། ད་ནི་བསྟན་ཆོས་འཁོར་ལོ་གཉིས་པའི་བརྩམ་ཚུལ་སྟོན་ཏེ། སྟོན་པ་འདས་ནས་ལོ་ནི་བཞི་བརྒྱ་ན། ཞེས་པ་ལ་སོགས་པའི་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དེ་ཡང་སངས་རྒྱས་འདས་ནས་ལོ་བཞི་བརྒྱ་ན་ཀླུ་སྒྲུབ་ཡབ་སྲས་དང༌། བྲམ་ཟེ་ས་ར་ཧ་པ་བྱོན་ཏེ། དེ་ཡང་དཔལ་གྱི་རི་ལ་དུས་མཉམ་དུ་བྱོན་པ་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱིས་བྱིན་གྱིས་བརླབས། གྲུབ་པ་བརྙེས་ནས། ས་ར་ཧ་པས། ཀླུ་སྒྲུབ་ཀྱི་གདམས་པ་ལ་བརྟེན་ཏེ་དོ་ཧ་ཆེ་ཆུང་རྣམས་དང་། སངས་རྒྱས་ཐོད་པའི་རྒྱུད་ཀྱི་འགྲེལ་པ་ལ་སོགས་པ་མང་དུ་མཛད་སྐད། ཅེས་གསལ་བ་ལྟར་གྱི་བྲམ་ཟེ་ས་ར་ཧ་ནི་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱི་རྗེས་སུ་བྱོན་པ་དང་། ལྷག་པར་མགོན་པོ་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་པ་ལྟ་བུར་གསལ་ལ། སློབ་དཔོན་འཕགས་པ་ལྷའི་སློབ་མར་གྱུར་པའི་སྒྲ་གཅན་འཛིན་དང་། གཞན་གང་ཡིན་སོགས་ལའང་དཔྱད་དགོས་པར་སྣང་ངོ་།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ། ༼༡༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༢༡༠
[2] པདྨ་བཀའ་ཐང་། ཧྲཱི། སྐུ་འབུམ་བྱམས་པ་གླིང་། ཤིང་པར། དཔེ་རིང་ཤོག་གྲངས་ ༧༦ན༣
[3] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༠༢
[4] ས་སྟག །ཀླུ་སྒྲུབ་དགུང་ལོ་བཅུ་དགུ་ལ་ས་ར་ཧ་ལས་བསྙེན་པར་རྫོགས། ཞེས་བཤད་པ་ལ་ཁུངས་རྣམ་དག་ཡོད་མེད་བརྟག་ཅེས། (བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༤༥ བྱུང་།
[5] ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། ༼༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༣༤
[6] འཇམ་དབྱངས་གྲུབ་པའི་བློ་གྲོས་ཀྱི་གསུང་འབུམ། ༼༣༽ ལྔ་རིག་ནང་བསྟན་སློབ་གླིང་། ༢༠༠༢ ལོ། ཤོག་ ༡༧༧
[7] ཨ་མྱེས་ཞབས་ཀྱི་གསུང་འབུམ། ༼༢༣༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༡༡༧
[8] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣༣
[9] ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༧༣
[10] ཏཱ་ར་ནཱ་ཐའི་གསུང་འབུམ། ༼༣༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༧༤
[11] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༢༦
[12] རྗེ་ཙོང་ཁ་ཆེན་པོའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༨
[13] རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༠༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༠༣ ནས་ ༢༠༩ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།