ཇ༽ སྒྲ་སྦྱོར་བམ་གཉིས་ཀྱི་བརྗོད་དོན་སྙིང་བསྡུས།

ཇ༽ སྒྲ་སྦྱོར་བམ་གཉིས་ཀྱི་བརྗོད་དོན་སྙིང་བསྡུས།

 

སྒྲ་སྦྱོར་བམ་པོ་གཉིས་པ་ལས། བམ་པོ་དང་པོའི་བརྗོད་དོན་སྙིང་པོ་ནི། སྒྱུར་བའི་ཐབས་ལ་སྤྱི་དང་། བྱེ་བྲག་གཉིས་ཡོད་པ་ལས། དང་པོ། སྒྱུར་བའི་ཐབས་སྤྱི་ལའང་། ༡) དྷརྨ་བསྒྱུར་བ་ལ་ཞེས་སོགས་ཀྱིས། སྐད་ཀྱི་གོ་རིམ་ལས་མ་བསྣོར་བར་སྒྱུར་བའི་ཐབས་དང་། ༢) ཚིགས་བཅད་ལ་ནི་ཞེས་སོགས་ཀྱིས། སྐད་ཀྱི་གོ་རིམ་ལས་བསྣོར་ནས་སྒྱུར་བའི་ཐབས་གཉིས་བསྟན་པ་དང་། གཉིས་པ། བྱེ་བྲག་གི་སྒྱུར་ཐབས་ལ། 1) མིང་གཅིག་དོན་མང་ལ་སྒྱུར་ཐབས་ལ་གསུམ་སྟེ།

(1) སྐད་གཅིག་ཉིད་ལ་ཞེས་སོགས་ཀྱིས། མིང་གཅིག་ཚིག་དོན་གོང་འོག་ལ་བསྟུན་ནས་ཕྱོགས་གཅིག་ཏུ་ངེས་པར་སྒྱུར་ཐབས་དང་། (2) ཀཽ་ཤི་ཀ་ཞེས་སོགས་ཀྱིས། དོན་གྱི་ཕྱོགས་གཅིག་ཏུ་ངེས་མི་ནུས་པ་རྣམས་སྐད་རང་སོར་བཞག་པ། སྐད་རང་སོར་བཞག་པ་ལའང་གཉིས་ཏེ། (ཀ) སྐད་ཧྲིལ་པོ་རང་སོར་བཞག་པ་དང་། (ཁ) ཡུལ་དང་སེམས་ཅན་གང་ཞེས་སོགས་ཀྱིས། གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་བསྣན་ནས་སྐད་རང་སོར་བཞག་པ། (3) གར་ཡང་དྲངས་སུ་ཞེས་སོགས་ཀྱིས། གར་ཡང་དྲངས་སུ་རུང་བའི་མིང་ཚིག་བྱུང་ན་སྤྱིར་སྙེགས་སུ་རུང་བར་སྒྱུར་ཐབས།

2) གྲངས་ལ་རྒྱ་གར་སྐད་ཅེས་སོགས་ཀྱིས། གྲངས་ཀྱི་སྒྱུར་ཐབས། 3) པ་རི་དང་སམ་དང་ཞེས་སོགས་ཀྱིས། ཚིག་གི་ཕྲད་དང་རྒྱན་སོགས་སྒྱུར་ཐབས། 4) རྣམ་གྲངས་སུ་གཏོགས་པའི་ཞེས་སོགས་ཀྱིས། མིང་གི་རྣམ་གྲངས་སུ་གཏོགས་པའི་ཚིག་རྣམས་སྒྱུར་ཐབས། 5) སངས་རྒྱས་དང་བྱང་ཆུབ་ཅེས་སོགས་ཀྱིས། སྒྱུར་བྱེད་བོད་སྐད་ཀྱི་ལུགས་བཞིན་དུ་ཡུལ་མཆོག་དམན་ལ་ཞེ་ས་རྒྱས་བསྡུས་གང་འོས་སུ་སྒྱུར་ཐབས། (དེ་ཡང་ས་པཎ་གྱིས་རྒྱ་གར་ལ་ཞེ་སའི་སྒྲ་དང་ཕལ་པའི་སྒྲ་ཕལ་ཆེར་ཁྱད་མེད་ཀྱང་སངས་རྒྱས་ཀྱིས་གཞན་ལ་སྨྲས་པ་ལ་བཀའ་སྩལ། གཞན་གྱིས་སངས་རྒྱས་ལ་ཞུས་པ་ལ་གསོལ་བ། མཉམ་པོ་ཕན་ཚུན་འབྲི་བ་ལ་སྨྲས་པ་ཞེས་བྱ་བར་བསྒྱུར་ཅེས་གསུངས་པ་བཞིན་ནོ།།)

6) སྐད་ཀྱི་ལུགས་འདི་ལྟར་ཞེས་སོགས་ཀྱིས། ལོ་ཙཱ་བ་ཀུན་གྱིས་བརྩི་འཇོག་བྱེད་དགོས་པའི་ལོ་ཙཱ་བའི་བཀའ་ཁྲིམས་ཡིན་ལ། དེ་ཡང་ལོ་ཙཱ་བ་རྣམས་ཀྱིས་བཀའ་བསྟན་སྒྱུར་སྐབས་ཐ་སྙད་གསར་བཟོ་གནང་དགོས་བྱུང་ཚེ། ༡ ཆོས་དང་མི་འགལ་བ་དང་། ༢ བརྡ་སྤྲོད་དམ་ལུང་སྟོན་པའི་གཞུང་དང་མི་འགལ་བ། ༣ འཇིག་རྟེན་གྲགས་པ་དང་མི་འགལ་བ། ༤ རིགས་པ་དང་མི་འགལ་བ་བཅས་ཆ་རྐྱེན་བཞི་ཚང་དགོས་པ་སྔོན་གྱི་ཆོས་རྒྱལ་རྣམས་ཀྱིས་བཀས་བཅད་གནང་ཡོད།

7) ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང༌། དྷརྨ་ཞུ་ཆེན་འཚལ་བའི་གྲྭར་ཕུལ་ལ། སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ། །ཞེས་གསུངས་པ་ལྟར། ཆ་རྐྱེན་བཞི་པོ་ཚང་ནས་ཐ་སྙད་གསར་བཟོས་གནང་བ་དེ་སྒྲ་སྒྱུར་གྱི་གྲྭ་ལ་སྙན་གསན་ཞུ་དགོས་ཤིང་། དེ་རྗེས་རྒྱལ་པོར་སྙན་གསན་ཞུས་ཏེ་བཀའ་འཁྲོལ་བྱུང་ན་ཐ་སྙད་ཀྱི་དཀར་ཆག་ (ཐ་སྙད་དཀར་ཆག་ཅེས་པ་ཚིག་མཛོད་ལའོ།།) བྱེ་བྲག་རྟོགས་བྱེད་ཆེན་མོ་སོགས་ཀྱི་གཞུང་ཁོངས་སུ་གཞི་ནས་འཇུག་བཞེས་གནང་ལམ་ཡོད་ལ། ཐ་སྙད་གཅིག་གྱུར་དགོས་པ་གལ་འགངས་ཤིན་ཏུ་ཆེ་བས། སྔོན་བྱོན་ཆོས་རྒྱལ་རྣམས་ཀྱི་སྐུ་དུས་སུ་བྱེ་བྲག་རྟོགས་བྱེད་ཆེ་འབྲིང་ཆུང་ (བྱེ་བྲག་རྟོགས་བྱེད་ཆུང་ངུ་ནི་སྣར་ཐང་བསྟན་འགྱུར་པར་བརྐོས་སྐབས་མ་རྙེད་པ་དེ་རྙེད་ན་བསྟན་འགྱུར་ནང་གཞག་དགོས་གསུངས་ཀྱང་། སྡེ་དགེ་བསྟན་འགྱུར་འགྱུར་དུ་ཡང་བྱེ་བྲག་རྟོགས་བྱེད་ཆུང་ངུ་ཐོབ་ན་བསྟན་འགྱུར་ནང་གཞག་དགོས་གསུངས་ཏེ་ད་བར་ཐོབ་མེད།) གསུམ་བསྒྲིགས་ཤིང་། དེ་ལ་བརྟེན་ནས་བོད་དུ་ལོ་ཙཱ་བ་སུ་ཞིག་གིས་བཀའ་བསྟན་གསུང་རབ་བསྒྱུར་ནའང་ཐ་སྙད་གཅིག་གྱུར་བྱུང་ཡོད། དེ་ཡང་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་བཞུགས་པ་གང་དུ་གཟིགས་ཀྱང་ཐ་སྙད་མི་འདྲ་བ་སྣ་ཚོགས་ཀྱིས་མགོ་རྨོངས་དགོས་པ་གཏན་ནས་མེད། འདི་ནི་བོད་སྒྱུར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་གཟི་བརྗིད་ཅིག་ཀྱང་ཆགས་ཡོད།

དེ་ལྟར་སྒྲ་སྦྱོར་བམ་གཉིས་ལས་བམ་པོ་དང་པོར། སྒྲ་སྒྱུར་གྱི་རྩ་བའི་གནད་དོན་འགའ་ཞིག་ཐོག་མར་སྤྱི་སྡོམ་གྱི་ཚུལ་དུ་གཏན་ལ་ཕབ་པ་དང་། བྱེ་བྲག་གི་སྒྱུར་ཐབས་དུ་མ་བསྟན་ཡོད་པས་འགྱུར་གཞུང་གི་མཚན་ཉིད་ཚང་ཞིང་། དེང་དུས་ཀྱི་སྒྲ་སྒྱུར་བྱ་བར་མཚོན་ནའང་མཛུབ་སྟོན་གྱི་དོན་སྙིང་ལྡན་པ་དང་། བཅའ་ཁྲིམས་ཀྱི་ནུས་མཐུ་ཡང་མངའ་བའི་གནའ་བོའི་ཡིག་ཆ་ཚད་ལྡན་ཞིག་ཡིན། མདོར་ན་བམ་པོ་དང་པོར་སྒྲ་སྒྱུར་གྱི་རྩ་དོན་ཆེན་པོ་གསུམ་དང་། སྒྱུར་བའི་ཐབས་དམ་པ་བཞི། དོ་སྣང་བྱེད་དགོས་པ་བཞི་སོགས་གཏན་ལ་ཕབ་ཅིང་བཀས་བཅད་པ་འདི་ནི་སྐབས་དེའི་བོད་ཀྱི་སྒྲ་སྒྱུར་བྱ་གཞག་དེ་ལག་ལེན་ཁོ་ནའི་གནས་བབས་ཙམ་མིན་པར་རིག་པའི་གཞུང་ལུགས་ཀྱི་མཐོ་ཚད་ཅིག་ལ་སླེབས་པ་མཚོན་ཡོད།

བམ་པོ་གཉིས་པར་སྐབས་དེར་ཆོས་ཀྱི་གཞུང་ལས་འབྱུང་བའི་ཐ་སྙད་རྣམས་ལ་སཾ་སྐྲི་ཏའི་སྐད་དང་། བོད་ཀྱི་སྐད་གཉིས་ཤན་སྦྱར་བྱས་ཏེ་གཏན་ཚིགས་ཀྱི་སྒོ་ནས་འགྲེལ་བཤད་མཛད་ཡོད། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་བྱུང་བའི་མིང་མཛོད་ཀྱི་ཐོག་མ་དང་། བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་སྟེང་གི་སྒྲ་སྒྱུར་གྱི་གཞུང་ལུགས་དང་པོ་དེ་ཡང་ཡིན་ནོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༠༡ ནས་ ༤༠༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *