པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་བསྒྲིགས་ཀྱི་ལས་གཞིའི་བྱུང་རིམ་དང་དམིགས་ཡུལ།

༄༅། །སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་། དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་དཔེ་མཛོད་ཁང་ཐུན་མོང་ནས་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་སྒྲིག་ཞུ་རྒྱུའི་ལས་གཞིའི་རྒྱུད་རིམ་དང་། མ་འོངས་ཞུ་སྒོའི་འཆར་གཞི།

དེ་ཡང་སྔར་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ལས། པཎ་གྲུབ་བཅུ་བདུན་ཞེས་མ་གྲགས་ཀྱང་༸རྒྱལ་དབང་ཐམས་ཅད་མཁྱེན་པས་པཎ་གྲུབ་བཅུ་བདུན་ཞེས་གསར་གཏོད་མཛད་པ་དང་ཆབས་ཅིག །

པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལྗགས་རྩོམ་དང༌། དེ་འབྲེལ་པཎ་གྲུབ་བཅུ་བདུན་གྱི་བྲིས་སྐུ་གསར་བཞེངས་ལྗགས་བཀོད་མཛད་དེ་བོད་བརྒྱུད་ནང་བསྟན་འདི་ཉིད་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཡིན་པ་གསལ་བར་མཛད་པས། བོད་བརྒྱུད་ནང་བསྟན་འདི་ཉིད་སངས་རྒྱས་ཀྱི་ཆོས་མིན་པར་བླ་མའི་ཆོས་ཡིན་པར་སྨྲ་བ་པོ་རྣམས་ཀྱི་སྨྲ་ངན་མཐའ་དག་ཚར་བཅད་ནས་དེང་སྐབས་བོད་བརྒྱུད་ནང་བསྟན་འདི་ཉིད་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ལག་ཡོངས་སུ་ཚང་བ་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད།

ལྷག་པར་ཆོས་བརྒྱུད་རིས་མེད་ཀྱི་བཤད་སྒྲུབ་གཉིས་ལྡན་གྱི་གདན་ས་ཁག་ཏུ་གཞུང་ཆེན་སློབ་གཉེར་གནང་དང་གནང་བཞིན་པའི་བསླབ་གཞིའི་གཞུང་ལུགས་ཁག་གཙོ་བོ་རྒྱ་གཞུང་དང་། ཡང་སྒོས་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱིས་མཛད་པའི་གསུང་བཟང་རྣམས་ཡིན་པར་བརྟེན། བཀའ་བསྟན་ཞེས་ཆོས་བརྩིགས་ཀྱི་ཚུལ་དུ་མ་ལུས་པར་པཎ་ཆེན་བཅུ་བདུན་གྱི་གསུང་བཟང་རྣམས་གདན་ས་ཆེ་ཁག་དང་། ཆོས་རིག་གི་ལྟེ་གནས་ཁག་གི་སློབ་གཉེར་བ་རྣམས་ལ་ལྟ་ཀློག་གནང་རྒྱུའི་མཐུན་རྐྱེན་ཞིག་བསྐྲུན་གལ་ཤིན་ཏུ་ཆེ་བར་མཐོང་ཞིང་། ལྷག་པར་བོད་རིགས་རྣམས་མཁས་བཙུན་བཟང་གསུམ་འཛོམས་པའི་བོད་མི་ཤ་སྟག་དང་། ནང་པ་རྣམས་ཀྱང་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་སྐོར་གྱི་ལམ་སྟོན་བཀའ་སློབ་སྔ་ཕྱིར་གལ་ཆེ་ནན་ཕེབས་སོགས་ཀྱི་དགོངས་གཞིའི་ཆ་ཤས་སུ་ལེགས་སྐྱེས་ཕྲན་ཙམ་འབུལ་ཐུབ་ཐབས་སོགས་མགོན་པོ་གང་གི་བླ་ན་མེད་པའི་བཞེད་དགོངས་དང་། རླབས་ཆེན་གྱི་དགོས་དམིགས་དང་ཡོངས་སུ་མཐུན་པར་ཕན་ཐོགས་རླབས་ཆེན་ཞིག་ཡོང་ངེས་ལ་བརྟེན། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་སྒྲིག་ཞུ་རྒྱུའི་དགོངས་བཞེས་དང་། ལས་འཆར་སྒྲིག་རྒྱུར་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་དཔེ་མཛོད་ཁང་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ཐུན་མོང་ནས་མ་འགྲིགས་ལྷུན་གྲུབ་དང་། མ་གྲོས་གཅིག་མཐུན་ཐོག་ཕྱི་ལོ་ ༢༠༡༢ ཙམ་ནས་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་སྒྲིག་པར་སྐྲུན་ཞུ་རྒྱུའི་ལས་གཞི་དབུ་འཛུགས་ཞུས་པའོ།།
རླབས་ཆེན་ལས་གཞི་འདིར། ཀ༽ དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས་སྲིད་ཞིའི་མཛེས་རྒྱན་པོད་ཕྲེང་སྟོད་སྨད་ ༢ དང་། ཁ༽ དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན་པོད་ཕྲེང་ ༧ ག༽ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་པོད་ཕྲེང་ ༢ ང༽ དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བསྟོད་ཚོགས་ཕྱོགས་བསྒྲིགས་པོད་ཕྲེང་ ༡། ཅ༽ པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད་པོད་ཕྲེང་ ༡། ཆ༽ པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་པོད་ཕྲེང་ ༧༡། ཇ༽ དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན་པོད་ཕྲེང་སྟོད་སྨད་བར་ ༣ བཅས་སྣ་བདུན་གྲངས་ལྡན་གྱི་སྡེ་ཚན་ཆེན་པོ་བདུན་ལ་པོད་ཕྲེང་ཁྱོན་བསྡོམས་ ༨༦ ཕྱོགས་བསྒྲིགས་དཔར་འགྲེམས་ཞུས་པ་ཞིག་གོ།

Leave a Reply

Your email address will not be published. Required fields are marked *