ཐ༽ མགོན་པོ་ཀླུ་སྒྲུབ་གནས་གང་དུ་རབ་ཏུ་བྱུང་མིན།
དེ་ཡང་པཎ་ཆེན་བློ་བཟང་ཆོས་རྒྱལ་ (1570-1662) གྱིས་མཛད་པའི་གསུང་རྩོམ་ཐོར་བུ་བ་ཕྱོགས་གཅིག་ཏུ་བསྡེབས་པ་ལས[1]།
ཐུབ་པའི་དབང་པོས་རྒྱལ་བའི་བསྟན་པ་ལ། །བདག་ཉིད་ཇི་བཞིན་ལེགས་པར་བསྔགས་པ་ཡི། །
གདེངས་ཀ་ནོར་བུའི་འོད་ཆགས་སྐྱེ་དགུའི་གཉེན། །འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ། །[2]
ཞེས་གསུངས་པ་ལྟར། འཕགས་མཆོག་ཀླུ་སྒྲུབ་ཞབས་གནས་གང་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་མིན་ནི། ༸རྒྱལ་བ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ལ་བསྟོད་པ་མཆོག་ཏུ་དད་པའི་སྒྲ་དབྱངས་ལས[3]། དེ་ཚེ་མཚན་མཁན་དག་ལ་ལེགས་བསྟན་པས། །མཚན་བཟང་མན་དྷ་ར་ཡི་ཕྲེང་རྒྱས་ཀྱང་། །ཚེ་ཡི་ཚད་ནི་ཞག་བདུན་གཉིས་སྐྱེས་དང་། །དགེ་སློང་བརྒྱ་ལ་ཆོས་སྟོན་གསོལ་བ་ན། །ལོ་བདུན་འཚོ་ཞེས་སྨྲས་ལས་ཕ་མ་ཡིས། །ཉི་མའི་བུ་ཡི་མཆེ་བའི་ཕྲག་ཏུ་ནི། །ཞུགས་པ་ལྟ་བར་མ་བཟོད་གྲོགས་དང་བཅས། །སྤྲིངས་ལས་ནཱ་རེནྡྲར་གཤེགས་ཁྱོད་ཕྱག་འཚལ། །ཞེས་གསུངས་ལ། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་ལས[4]།
མཚན་མཁན་མཁས་པས་དགེ་སློང་བརྒྱ་ཕྲག་ལ། །ཆོས་སྟོན་དྲངས་ན་ལོ་བདུན་བར་དུ་འཚོ། །
དེ་ལས་ལྷག་པའི་སྐུ་ཚེ་མ་མཆིས་ཞེས། །བདེན་པའི་ལུང་བསྟན་བྱུང་ལ་གསོལ་བ་འདེབས། །
བརྩེ་ལྡན་ཕ་མས་བུ་གཅིག་ཤི་བའི་རོ། །བལྟ་བར་མི་བཟོད་གཡོག་བཅས་འཁྱམས་བཏང་ནས། །
ཁ་སཱར་པཱ་ཎིས་ཞལ་བསྟན་ནཱ་ལེནྡྲར། །རབ་ཏུ་བྱུང་བར་མཛད་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། བུ་སྟོན་ཐམས་ཅད་མཁྱེན་པ་ (1290-1364) ལྟར་ན་བྲམ་ཟེ་ཕུན་སུམ་ཚོགས་པ་ཞིག་ལ་བུ་མེད་པ་རྨི་ལམ་དུ་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་བུ་རྙེད་པར་ལུང་བསྟན་པ་ལྟར་བྱས་པས་བུ་བཙས་པ་ན་མཚན་མཁན་ལ་བསྟན་པས། བྲམ་ཟེ་བརྒྱ་དང་དགེ་སློང་བརྒྱ་ལ་མཆོད་སྟོན་དྲངས་ན་རིམ་པར་ཟླ་བ་བདུན་དང་ལོ་བདུན་དུ་ཐུབ་ཀྱང་དེ་ནས་ཐབས་མེད་ཅེས་བཤད། རྗེ་བཙུན་ཏཱ་ར་ནཱ་ཐ་ (1575-1634) ལྟར་ན།[5] བུ་བཙས་པའི་མཚམས་སུ་མཚན་མཁན་གྱིས་ཕལ་པ་བརྒྱ་དང་བྲམ་ཟེ་བརྒྱ་དང་དགེ་སློང་བརྒྱ་ལ་སྟོན་མོ་དྲངས་ན་རིམ་པ་བཞིན་ཞག་དང་ཟླ་བ་ལོ་བདུན་བར་དུ་ཐུབ་པ་ལས་དེ་ནས་ཐབས་མེད་དོ། །ཞེས་བཤད་པ་གསལ་བས་ཅུང་ཁྱད་ཞུགས་སོ།།
དེ་ནས་ལོ་བདུན་དུ་ཉེ་བ་ན། ཕ་མས་བུ་ཤི་བ་ལྟར་མ་བཟོད་པར་གཡོག་དང་བཅས་ཏེ་འཁྱམ་དུ་བཏང་བས་མཐར་ནཱ་ལེནྡྲར་སླེབས། གཙུག་ལག་ཁང་གི་སྒོ་དྲུང་དུ་སྙན་དངགས་དང་རིག་བྱེད་བསྒྲགས་པ་ན། མཁན་པོ་སྒྲ་གཅན་འཛིན་[6]གྱིས་གསན་ནས་ནང་དུ་ཁྲིད་དེ་ཇི་ལྟར་གྱུར་ཚུལ་ཞུས་པས་མཁན་པོས་རབ་ཏུ་བྱུང་ན་ཐབས་ཡོད་གསུངས་པ་ལྟར་རབ་ཏུ་བྱུང་། ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་གཟུངས་འདོན་དུ་བཅུག །ལྷག་པར་ལོ་བདུན་རྫོགས་པའི་མཚན་མོ་ཧྲིལ་པོ་གཟུངས་བཏོན་པས་འཆི་བདག་ལས་ཐར་ཏེ་ཡབ་ཡུམ་དང་མཇལ་བས་ཤིན་ཏུ་སྤྲོ་བར་གྱུར་ཏོ། །བྲམ་ཟེའི་རིགས་སུ་འཁྲུངས་པ་ཙམ་ལས་འདི་བར་གྱི་ལོ་རྒྱུས་ནི་བོད་ཀྱི་ཆོས་འབྱུང་ཁག་མ་གཏོགས་གཞན་གང་དུ་ཡང་མི་གསལ།
དེ་ནས་མཁན་པོ་སྒྲ་གཅན་འཛིན་ལས་ཐེག་པ་ཆེ་ཆུང་མདོ་སྔགས་དང་བཅས་པའི་སྡེ་སྣོད་གཙོར་གྱུར་པའི་རིག་པའི་གནས་སུ་གྱུར་པ་གང་ཡང་མ་གསན་པ་མེད་པར་མཛད། རྗེ་བཙུན་ཏཱ་ར་ནཱ་ཐ་ལྟར་ན་རྨ་བྱ་ཆེན་མོ་དང་། ཀུརུ་ཀུལླི་དང་། གནོད་སྦྱིན་མོ་དགུ་དང་། ནག་པོ་ཆེན་པོ་རྣམས་བསྒྲུབས་པས་རི་ལུ་མིག་སྨན་རལ་གྲི་རྐང་མགྱོགས་བཅུད་ལེན་གཏེར་ལ་སོགས་པ་དངོས་གྲུབ་མང་པོ་དང་། ཚར་གཅོད་པ་དང་། སླར་གསོ་བ་ལ་སོགས་པའི་ནུས་པ་ཐམས་ཅད་གྲུབ། གནོད་སྦྱིན་དང་ཀླུ་ལ་སོགས་པ་མི་མ་ཡིན་ཐམས་ཅད་མངགས་གཞུག་ཏུ་སོང་། ཁྱད་པར་དུ་བཅུད་ལེན་གྲུབ་པས་རྡོ་རྗེའི་སྐུར་གྱུར། རྫུ་འཕྲུལ་དང་མངོན་ཤེས་ཆེན་པོར་གྱུར་སྐད། ནག་པོ་ཆེན་པོའི་རིག་སྔགས་གྲུབ་ནས་དྷནྱ་ཀཊ་ཀའི་གླིང་དུ་ནག་པོ་ཆེན་པོའི་རྒྱུད་བཞུགས་པ་སྤྱན་འདྲེན་པར་དགོངས། གླིང་དེར་མིག་ཡོར་ལ་བརྟེན་ཏེ་སྒྱུ་མ་བསྒྲུབས་ནས་སྒྱུ་མས་མཁའ་འགྲོ་མ་རྣམས་མགོ་འཁོར་བའི་བར་ལ་ལྷ་མོ་ནག་མོ་དང་། ནག་པོ་ཆེན་པོའི་རྒྱུད། དེ་བཞིན་ཕྱག་གཉིས་པ་ནས་ཕྱག་བཅོ་བརྒྱད་ཀྱི་བར་གྱི་རྒྱུད་དང་། ཀུ་རུ་ཀུལླེའི་རྟོག་པ་ལ་སོགས་པ་སྤྱན་དྲངས། ཡེ་ཤེས་མཁའ་འགྲོ་མ་རྣམས་ལས་ཞལ་གྱི་གདམས་པ་ཐོབ། སྒྲུབ་ཐབས་མི་གཅིག་པ་བརྒྱ་དྲུག་ཅུ་སྤྱན་དྲངས་ཟེར། རལ་གྲི་དང་དངུལ་ཆུ་སོགས་ཐུན་མོང་གི་དངོས་གྲུབ་བརྒྱད་ཅར་ལས། རིགས་མི་གཅིག་པ་མཐའ་ཡས་པ་བསྒྲུབས་སོ། །ཞེས་ཀྱང་གསུངས།
ནཱ་ལེནྡྲའི་མཁན་པོ་སྒྲ་གཅན་འཛིན་ལས་བསྙེན་པར་རྫོགས་ཏེ་མཚན་ལ་དགེ་སློང་དཔལ་ལྡན་ཞེས་གྲགས་སོ། །སུམ་པ་མཁན་པོའི་ཆོས་བྱུང་དུ་དཔལ་ལྡན་བློ་འཆང་ཞེས་འབྱུང་ཡང་ཁུངས་ཇི་ཡིན་མ་ཤེས། དེང་དུས་ཀྱི་མཁས་པ་དུ་མ་ཞིག་གིས་སློབ་དཔོན་ཀླུ་སྒྲུབ་ནཱ་ལེནྡྲར་སློབ་གཉེར་མཛད་པའི་སྐོར་བོད་ཀྱི་ལོ་རྒྱུས་སུ་གསལ་བ་བདེན་པར་མི་སྣང་སྟེ། གནས་རྙིང་ས་བསྐོ་སྔོག་འདོན་བྱས་པ་ལས་བརྒྱ་ཕྲག་ལྔ་པའི་གོང་ལ་ཡོད་པའི་མཚན་མ་གང་ཡང་མ་བྱུང་བའི་ཕྱིར་ཞེས་བཤད་ཀྱང་། རྒྱུ་མཚན་དེ་ཙམ་གྱིས་དེ་ལྟར་བརྗོད་དཀའ། ད་བར་ནཱ་ལེནྡྲ་གཙུག་ལག་ཁང་གི་ཞིག་རོ་སྔོག་འདོན་བྱས་པ་ལས་ཀྱང་ད་དུང་བྱ་རྒྱུ་ཆེས་མང་ཞིང་། གང་བྱས་པ་དེ་དག་ཀྱང་མཐིལ་ཕྱིན་པ་སྔོག་འདོན་མ་བྱས་པས། ད་ཕན་ལ་དངོས་རིགས་ཉམས་ཞིབ་བྱས་འབྲས་སུ་བརྒྱ་ཕྲག་ལྔ་པའི་གོང་དུ་ཡོད་པ་མ་རྙེད་ཀྱང་། དེའི་གོང་དུ་མེད་པའི་མཚན་མ་རྙེད་པ་མ་ཡིན་པས་དེ་གཉིས་ཀྱི་ཁྱད་པར་འབྱེད་དགོས་པ་ཡིན་ནོ།།
ཇོ་ནང་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་[7]དུ་ཤཱ་རིའི་བུའི་སྐུ་གདུང་མཆོད་རྟེན་ཡོད་པའི་གནས་སུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་ལྷ་ཁང་ཐོག་མར་བཞེངས་ནས་རིམ་པར་ཐེག་པ་ཆེན་པོའི་ཆོས་གཞི་རྒྱས་པའི་ཚུལ་གསུངས་ཤིང་། བཀའ་བབས་བདུན་ལྡན་དུ་སློབ་དཔོན་ཀླུ་སྒྲུབ་མཁན་པོ་མཛད་དེ་དགེ་འདུན་ལྔ་བརྒྱ་ལ་ལུང་འབོག་པར་མཛད་པ་གསུངས་པ་ཡང་དགེ་འདུན་གྱི་ཞལ་གྲངས་ཡར་རྒྱས་ཀྱི་རིམ་པའི་འགྲོས་དང་བསྟུན་ན་ཡང་མི་འཚམ་པར་མི་སྣང་ཞིང་། རྗེ་བཙུན་ཏཱ་ར་ནཱ་ཐས་རྒྱ་གར་ཆོས་འབྱུང་ལ་སོགས་པའི་ལོ་རྒྱུས་ཀྱི་གཞི་རྟེན་ལ་སྐབས་དེའི་ངག་རྒྱུན་ཙམ་མིན་པར་ཡིག་ཆ་དུ་མར་ཁུངས་སུ་མཛད་པ་ནི་གསུང་འགྲོས་ནས་ཡང་ནས་ཡང་དུ་གསལ་ལོ། །ཞེས་འགའ་ཞིག་བཞེད་ལ། ཡང་འགའ་ཞིག་དཔལ་ནཱ་ལེནྡྲའི་དགོན་པ་ནི་ཕྱི་ལོ་ ༤༡༤ ནས་ ༤༥༥ བར་དུ་བྱུང་བའི་གུཔྟའི་རྒྱལ་རབས་སུ་ཕྱག་བཏབ་པ་ཞིག་ཡིན་པས། ཀླུ་སྒྲུབ་ཀྱི་དུས་སུ་དགོན་ཆེན་འདི་ད་དུང་ཕྱག་བཏབ་མེད་མོད། འོན་ཀྱང་ས་འདི་ནི་ཨ་མྲའི་ཚལ་ཞེས་བྱ་བ་དེ་ཡིན་པས། སྔོན་སངས་རྒྱས་འཁོར་དང་བཅས་པ་ཕེབས་ནས། ཟླ་བ་གསུམ་གྱི་བར་དུ་ཆོས་གསུངས་ཤིང༌། ང་མྱ་ངན་ལས་འདས་པའི་འོག་ཏུ། ཡུལ་འདིའི་རྒྱལ་པོ་ (कनिष्क) ཀ་ནིཥྐ་ཞེས་བྱ་བས་མཆོད་རྟེན་བཞེངས་པར་ལུང་བསྟན་ལ། ཀླུ་སྒྲུབ་ཀྱི་སྔོན་ཙམ་ལ་གནྡྷ་རའི་རྒྱལ་པོ་ཀ་ནི་ཥྐ་ཞེས་པས་ལུང་བསྟན་རང་ལ་ཡིན་པར་བསམས་ནས། སྔར་ནས་མཆོད་རྟེན་ཁྲུ་གསུམ་པ་ཞིག་ཡོད་པ་དེ་གཞིར་བྱས་ནས་དེའི་སྟེང་དུ་མཆོད་རྟེན་ཆེན་པོ་བློའི་ཡུལ་ལས་འདས་པ། རྩེ་མོར་གསེར་གྱི་ཆོས་འཁོར་བཅུ་གསུམ་དང་ལྡན་པ་བསམ་གྱིས་མི་ཁྱབ་པ་ཞིག་བཞེངས་པར་ཆེན་པོ་ཐང་གི་ནུབ་ཕྱོགས་ཡུལ་གྱི་ཟིན་བྲིས་དང༌། གཙུག་ལག་ཁང་གི་ཟིན་ཐོ་ལོ་ཡང་དུ་བཀོད་པ་སོགས་ན་གསལ་ལ། གཞོན་ནུ་སྲོག་གིས་བསྒྱུར་བའི་ཀླུ་སྒྲུབ་ཀྱི་རྣམ་ཐར་ལས་ཀྱང༌། དེ་ལས་ཐོན་མ་ཐག་ཏུ་རི་ལ་སོང་ནས་སངས་རྒྱས་ཀྱི་མཆོད་རྟེན་ཞིག་གི་དྲུང་དུ་ཞུགས་ནས་རབ་ཏུ་བྱུང་སྟེ་སྡོམ་པ་ཡང་དག་པར་བླངས་སོ་གསུངས་པས། རྗེས་སུ་དཔལ་ནཱ་ལེནྡྲའི་དགོན་པ་གང་དུ་ཆགས་པའི་གནས་དེར་སྔར་ནས་མཆོད་རྟེན་ཆེན་པོའི་ཁོར་ཡུག་ཏུ་གཙུག་ལག་ཁང་གཙང་ཁང་དང་བཅས་པ་ཡོད་པ་དེ་ཡིན་ནམ་སྙམ་མོ། །གཙང་ཁང་ཡོད་པ་ཅི་ལས་རྟོགས་ཤེ་ན། དེར་ནང་རྟེན་འཕགས་པ་སྤྱན་རས་གཟིགས་ཀྱི་བཞེངས་སྐུ་ཁྱད་པར་ཅན་ཞིག་བཞུགས་པའི་གཙང་ཁང་ཡོད་པར་གསུངས་པས་སོ།།
མདོར་ན་སངས་རྒྱས་ཀྱི་མཆོད་རྟེན་ཞིག་གི་དྲུང་དུ་ཞུགས་ནས་རབ་ཏུ་བྱུང་ཞེས་པ་ནི་མཆོད་རྟེན་ཁོ་ན་ཙམ་ལ་གོ་རྒྱུ་མ་ཡིན་པར་མཆོད་རྟེན་ཆེན་པོའི་ཉེ་འཁོར་ན་གཙུག་ལག་ཁང་དང་གཙང་ཁང་སོགས་ཡོད་པ་ཞིག་ལ་གོ་དགོས་པས། དེའི་དུས་སུ་དཔལ་ནཱ་ལེནྡྲའི་དགོན་པ་ཞེས་པའི་མཚན་གྱིས་བརྗིད་པའི་གཙུག་ལག་སློབ་གྲྭ་ཆེན་མོ་དེ་མེད་ཀྱང༌། མཆོད་རྟེན་གཙོ་བོར་གྱུར་པའི་དགོན་པ་ཆུང་ངུ་ཞིག་ནི་ཅིས་ཀྱང་ཡོད་པས་ཀླུ་སྒྲུབ་དེར་རབ་ཏུ་བྱུང་བ་ཡིན་ནམ་སྙམ་མོ།།[8]ཞེས་བཞེད།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] པཎ་ཆེན་བློ་བཟང་ཆོས་རྒྱལ་གྱི་གསུང་འབུམ། ༼ཅ༽ བཀྲས་ལྷུན་དཔེ་མཛོད། ༢༠༡༣ ལོ། ཤོག་གྲངས་ ༣༤
[2] ཞེས་པ་འདི་ཡང་དབུ་མ་རྩ་བ་ཁ་ཏོན་དུ་བྱེད་པའི་སྔོན་དུ་འདོན་ཕྱིར་དགེ་སློང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་སྨྲས་པའོ།།
[3] ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། ༼༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༣༤
[4] དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་། དཔེ་རིང་། ཤོག་ ༡ན༡ ནས་ ༣བ༦ བར།
[5] ཏཱ་ར་ནཱ་ཐས་སློབ་དཔོན་གྱི་རྣམ་ཐར་དངོས་གཞི་བཀའ་བབས་བདུན་ལྡན་ (གསུང་འབུམ་པོད་”མ”) དུ་གསུངས་ཤིང་། རྒྱ་གར་ཆོས་འབྱུང་དུ་ཡང་ལོ་རྒྱུས་གསལ་བས་ཕན་ཚུན་ཁ་སྐོང་གི་ཚུལ་དུ་གསུངས་སོ།།
[6] བུ་སྟོན་ཆོས་འབྱུང་དུ་བྲམ་ཟེ་ས་ར་ཧ་ཞེས་འབྱུང་ཡང་མཁན་པོ་སྒྲ་གཅན་འཛིན་དེ་ཉིད་ཕྱིས་སྔགས་ཀྱི་སྤྱོད་པ་ལ་གཤེགས་སྐབས་མཚན་ས་ར་ཧ་མདའ་བསྣུན་ཞེས་ཐོགས་པས་སྐུ་ཚེ་གཅིག་གི་སྔ་ཕྱིའི་མཚན་ལ་འགལ་བ་མེད་དོ། །སུམ་པ་མཁན་པོས་རྒྱུད་ཐ་དད་པར་བཞེད།
[7] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༨༧
[8] ཀླུ་སྒྲུབ་ཀྱི་རྣམ་ཐར་ལུང་རིགས་རྒྱ་མཚོའི་གཏེར་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ ལོ། ཤོག་གྲངས་ ༧༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༩༧ ནས་ ༢༠༢ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།