༡༽ དགོས་སོགས་ཆོས་བཞི།
དེ་ཡང་ས་པཎ་ཀུན་དགའ་རྒྱལ་མཚན་ (1182-1251) གྱིས་མཛད་པའི་མཁས་འཇུག་ལས[1]། བསྟན་བཅོས་ཀྱི་ཐོག་མར་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ཅི་ཡིན་ཞེ་ན།
བསྟན་བཅོས་དམ་པར་བསྟན་པའི་ཕྱིར། །སྟོན་པས་ཐོག་མར་དགོས་པ་བསྟན། །
ཡོངས་སུ་རྟོགས་པས་དེ་མཐོང་ན། །དཔྱོད་པ་ལ་ཡང་ཅིས་མི་འཇུག །
དགོས་འབྲེལ་གྱི་ངག་ཀླད་དུ་བཀོད་པ་ལ་དགོས་པ་དང་། བསྡུས་པ་དང་། ཚིག་དོན་གསུམ་ལས། དང་པོ་དགོས་པ་ནི། རྣམ་བཤད་རིགས་པ་ལས[2]།
མདོ་དོན་ཆེ་བ་ཉིད་ཐོས་ནས། །ཉན་དང་ལེན་པ་ལ་སོགས་ལ། །
ཉན་པ་པོ་དེ་གུས་འགྱུར་བས། །ཐོག་མར་དགོས་པ་བརྗོད་པར་བྱ། །
ཞེས་གསུངས་པས་སོ། །དེ་ལ་དགོས་པ་ནི། འགའ་ཞིག་གཞུང་མཛེས་པ་སྐྱེད་ཅེས་ཟེར། འགའ་ཞིག་དོན་གྱི་ལོག་རྟོག་ལྡོག་པར་འདོད། དེ་དག་ཀྱང་གནས་སྐབས་སུ་འགལ་བ་མེད་མོད་ཀྱི། མཐར་འཇུག་པར་འགྱུར་བ་ཉིད་དགོས་པ་ཡིན་ནོ། །བསྡུས་པའི་དོན་ལ་བཞི་སྟེ། བརྗོད་བྱ། དགོས་པ། དགོས་པའི་དགོས་པ། འབྲེལ་པའོ། །འདི་དག་ལ་གཞན་གྱི་ལུགས་དགག་པ། རང་གི་འདོད་པ་བརྗོད་པ། དེ་ལ་རྩོད་པ་སྤང་བ་སྟེ། གསུམ་པོ་རྒྱས་པར་ཁོ་བོས་གཞན་དུ་བཤད་པ་ལྟར་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར། བརྩམས་བཅོས་ཀྱི་དགོས་སོགས་ཆོས་བཞི་བསྟན་པ་འདི་དག་གིས། བརྩམས་བྱའི་བསྟན་བཅོས་སྐྱོན་མེད་འཁྲུལ་བྲལ་གྱི་དམ་པ་ཉིད་དུ་བསྟན་ཕྱིར། རྩོམ་པ་པོ་རྣམས་ཀྱིས་ཐོག་མ་ནས་བསྟན་བཅོས་ལ་འཇུག་པའི་དགོས་པ་གང་མཆིས་ཉན་བཤད་བྱེད་པ་དག་ལ་བརྗོད་པར་བྱ་བ་ཡིན་ཏེ། རྟོགས་ལྡན་རྣམས་ཀྱིས་བསྟན་བཅོས་ཀྱི་ཀླད་དུ་དགོས་འབྲེལ་གྱི་ངག་བཀོད་པ་མཐོང་ན་རྒྱུད་ལ་དོན་འགྱུར་གྱི་ཐེ་ཚོམ་སྐྱེས་ནས་ཚིག་དོན་གྱི་གནས་ལ་དཔྱོད་པས་འཇུག་པའི་དགོས་པ་དང་ལྡན་ནོ།།
གཞན་ཡང་བཅོམ་ལྡན་རིག་པའི་རལ་གྲིས་ (1227-1305) མཛད་པའི་མངོན་པ་ཀུན་བཏུས་རྒྱན་གྱི་མེ་ཏོག་ལས[3]། གཉིས་པ་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ལ་དོན་གསུམ་གྱི་དང་པོ་གཞན་ཕྱོགས་དགག་པ་ནི། གཞོན་ནུ་མ་ལེན་པ་ན་རེ་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ནི་དགོས་པ་ལ་སོགས་པ་བཞི་ལ་སྒྲ་ལས་བྱུང་བའི་ཚད་མའི་ངེས་པ་སྐྱེས་ནས་བསྟན་བཅོས་ལ་འཇུག་པ་ཡིན་ནོ། །ཞེས་སྨྲ་སྟེ་ཇི་སྐད་དུ[4]།
བསྟན་བཅོས་དག་ནི་ཐམས་ཅད་དམ། །ཡང་ན་ལས་ནི་འགའ་ཞིག་ལ། །
ཇི་སྲིད་དགོས་པ་མ་བརྗོད་པ། །དེ་སྲིད་དུ་ནི་སུ་ཞིག་འཛིན། །
ཞེས་སྨྲས་པ་ཡིན་ནོ། །དེ་ནི་མི་རིགས་ཏེ། འདི་ལྟར་རྟོག་པ་དང་མི་ལྡན་པ་འཇུག་པ་ནི་དགོས་པ་ལ་མི་ལྟོས་པས་དེའི་དོན་དུ་བཀོད་པ་དོན་མེད་པའི་ཕྱིར་དང་། རྟོག་པ་དང་ལྡན་པ་ཡང་སྐྱེས་བུ་ཙམ་གྱི་ཚིག་ལ་འཁྲུལ་པ་མཐོང་བ་དང་། སྐྱེས་བུ་ཁྱད་པར་ཅན་རྟོགས་པར་དཀའ་བ་དང་། སྐྱེས་བུས་མ་བྱས་པའི་ཚིག་མི་སྲིད་པས་ཚིག་གང་ལས་ཀྱང་དོན་ལ་ངེས་པ་སྐྱེ་བར་མི་འཐད་པའི་ཕྱིར་རོ།།
གཞན་ཡང་སྒྲ་ལས་ནི་དོན་ཚད་མས་རྟོགས་པར་མི་འཐད་དེ། དེ་དག་འབྲེལ་བ་མེད་པའི་ཕྱིར། རི་གངས་ཅན་དང་འབིགས་བྱེད་བཞིན་ནོ། །གལ་ཏེ་དེ་དག་བདག་གཅིག་པའམ་དེ་ལས་བྱུང་བས་འབྲེལ་ན་འཇིག་རྟེན་ན་ཕོངས་པ་རྒྱུན་ཆད་པར་འགྱུར་ཏེ། གང་གིས་ཕོངས་པ་དེ་རྗོད་པའི་སྒྲ་ཐམས་ཅད་ལ་ཡོད་པའི་ཕྱིར་རོ། །གཞན་ཡང་ཁ་ཅིག །རྒྱ་དམར་ན་རེ་གནའ་ལུགས་རྗེས་སུ་བསྐྱང་ཞིང་དམ་པའི་སྤྱོད་པ་དང་བསྟུན་པའི་ཕྱིར་སྔོན་གྱི་རྩོམ་པ་པོ་དག་གི་ལུགས་རྗེས་སུ་བརྗོད་པ་ཡིན་ནོ། །ཞེས་ཟེར་བ་དེའང་མ་ཡིན་ཏེ། འདི་ལ་དགོས་པ་གཞན་མེད་ན་ནི་སྔོན་གྱི་རྩོམ་པ་པོ་དག་ཡང་འགོད་པ་མི་འཐད་པའི་ཕྱིར་དང་། ཡོད་ན་ནི་དེ་ཉིད་འདིའི་ཡང་དགོས་པར་འགྱུར་བའི་ཕྱིར།
གཉིས་པ་རང་གི་ལུགས་ལ་གསུམ་ལས། དོན་འདི་ལ་སློབ་དཔོན་ཞི་བ་འཚོ་ན་རེ་བསྟན་བཅོས་འདི་ནི་བརྩམ་པར་བྱ་བ་མ་ཡིན་ཏེ། དགོས་པ་ལ་སོགས་པ་བཞི་མེད་པའི་ཕྱིར། བྱ་རོག་གི་སོ་བརྟག་པའི་བསྟན་བཅོས་བཞིན་ནོ། །ཞེས་ཁ་ཅིག་རྩོམ་པའི་བྱ་བ་འགོག་པའི་ལོག་རྟོག་བཟློག་པ་ནི་ངག་འདིའི་དགོས་པ་ཡིན་ནོ། །དེས་ན་གང་དགོས་པ་བཞི་དང་ལྡན་པ་དེ་མཁས་པས་བརྩམ་པར་བྱ་བ་ཡིན་ཏེ། དཔེར་ན་གསོ་བ་རིག་པའི་བསྟན་བཅོས་བཞིན་ནོ། །བསྟན་བཅོས་འདིའང་དགོས་པ་ལ་སོགས་པ་བཞི་དང་ལྡན་པ་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །ཞེས་ཟེར་རོ། །སློབ་དཔོན་ཆོས་མཆོག་ནི་ངག་འདི་ལས་དགོས་པ་ལ་སོགས་པ་བཞི་ལ་ཡོད་ལ་ཤས་ཆེར་འཛིན་པའི་ཐེ་ཚོམ་སྐྱེས་ནས་བསྟན་བཅོས་ལ་འཇུག་པ་དགོས་པར་འདོད་དེ། ཇི་སྐད་དུ།
གང་ཕྱིར་འཇིག་རྟེན་དོན་གཉེར་ནི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །[5]
ཞེས་བཤད་པ་ཡིན་ནོ། །བྲམ་ཟེ་བདེ་བྱེད་དགའ་བ་ན་རེ་བསྟན་བཅོས་ཀྱི་སྐབས་མངོན་དུ་བྱས་ནས་བསྟན་བཅོས་བཀོད་པ་ནི་གཞུང་མཛེས་པར་བྱ་བའི་ཕྱིར་ཏེ་གློ་བུར་དུ་གཞུང་རྩོམ་པ་ལ་ཞུགས་ན་མི་མཛེས་པར་འགྱུར་བའི་ཕྱིར་རོ་ཞེས་ཟེར་རོ། །ཞེས་གསལ་བར་བྱུང་བ་དག་གིས་མཚོན་པའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༡༠
[2] བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཤི༽ དེབ་ཨང་ ༧༧ པ། ༢༠༠༨ ལོ། ཤོག་གྲངས་ ༨༥
[3] བཅོམ་ལྡན་རིག་པའི་རལ་གྲིའི་གསུང་སྐོར། ༼༡༢༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༩
[4] སྡེ་དགེ་བསྟན་འགྱུར། ཚད་མ། ༼ཕེ༽ པོད་ ༡༨༣ པ། ཤོག་གྲངས་ ༡༧༡ན༣
[5] སྡེ་དགེ་བསྟན་འགྱུར། ཚད་མ། ༼ཞེ༽ པོད་ ༡༩༠ པ། ཆོས་མཆོག །ཤོག་གྲངས་ ༢༢༡བ༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༤ ནས་ ༥༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།