དང་པོ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར། ཀ༽ ཀླུ་སྒྲུབ་ཀྱི་མཚན་དོན་དང་མཚན་གྱི་རྣམ་གྲངས།

དང་པོ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར།

ཀ༽ ཀླུ་སྒྲུབ་ཀྱི་མཚན་དོན་དང་། མཚན་གྱི་རྣམ་གྲངས།

 

དེ་ཡང་འབྲི་གུང་ཆེ་ཚང་དཀོན་མཆོག་རིན་ཆེན་ (1590-1654) གྱིས་མཛད་པའི་འཕགས་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་རྨད་བྱུང་བློ་གྲོས་ཀྱི་གཏེར་མཛོད་ལས[1]།

འཕགས་པ་ཉན་ཐོས་ཚུལ་འཛིན་ཀླུ་དབང་གྲགས། །རྒྱལ་བས་ལུང་བསྟན་མཐའ་བྲལ་ལྟ་བའི་དོན། །

མ་ནོར་གསལ་མཛད་དགེ་སློང་དཔལ་ལྡན་ཞེས། །ས་གསུམ་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར་སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་ནཱ་ག་རྫུ་ན[2]། (नागार्जुन,)  (Nagarjuna) དང་། རྒྱའི་སྐད་དུ་ (龍樹) བོད་གངས་ཅན་པའི་སྐད་དུ་ཀླུ་སྒྲུབ་སྟེ། དེ་ཡང་ནཱ་ག་རྫུན་དང་། ནཱ་གཱརྫུ། ནཱ་གཱ་རྗུན་བཅས་འབྲི་སྲོལ་གསུམ་མཆིས་ལ། ལེགས་སྦྱར་སྐད་དུ་ནཱ་ག་ཀླུ་དང་། རྫུ་ན་སྒྲུབ་སྟེ་ཀླུ་སྒྲུབ་ཏུ་གྲུབ་པ་ནི་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་བྱུང་ལས[3]། ནཱ་གཱ་རྫུ་ནའི་ནཱ་ག་ནི་ཀླུ་སྟེ། ཆོས་ཀྱི་དབྱིངས་སུ་སྐྱེས་པ། རྟག་ཆད་གཉིས་ཀྱི་མཐའ་ལ་མི་གནས་པ། གསུང་རབ་རིན་པོ་ཆེའི་བང་མཛོད་ལ་མངའ་བརྙེས་པ། བསྲེག་ཅིང་གསལ་བའི་ལྟ་བ་དང་ལྡན་པས་ཀླུའོ། །ཨ་རྫུ་ན་ནི་སྲིད་སྒྲུབ་སྟེ། ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་དང་། ཉེས་པའི་དགྲ་ཚོགས་འདུལ་བས་སྲིད་སྒྲུབ་སྟེ། བསྡུས་པས་ཀླུ་སྒྲུབ་བོ། །ཞེས་གསུངས་པ་ལྟར་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་སྟོན་པ་རྒྱན་དྲུག་མཆོག་གཉིས་དང་བཅས་པར་པཎ་གྲུབ་དུ་མའི་ཞིང་བཀོད་ངོ་མཚར་ཐོར་བསྡུས་སྤེལ་བར་རྒྱབ་ཡིག་སྨོན་ལམ་ལས[4]།

མཐའ་བྲལ་རྒྱ་མཚོར་སྟོང་ཉིད་ནོར་བུའི་ཐོད། །འོད་འབར་རྣམ་འདྲེན་ཀླུ་དབང་རང་གྲིབ་ལ། །

བལྟོས་མིན་མཆེད་ཟླ་ལང་རིགས་སྲིད་སྒྲུབ་ཕོངས། །ཤེས་རབ་བདག་པོར་རྩལ་གྱིས་འཕེན་ནུས་ཤོག །

ཅེས་བསྟོད་ཕྱག་ཀྱང་མཛད་དོ།།

དེ་ལྟའི་ཀླུ་སྒྲུབ་ཅེས་པའི་མཚན་མཆོག་དང་ལྡན་པའི་སློབ་དཔོན་འདི་ཉིད་ཁྱད་ཆོས་ལྔ་ལྡན་གྱི་སྒོ་ནས་ཀླུ་དང་མཚུངས་ཚུལ་ནི། རོང་སྟོན་ཆོས་རྗེས་ (1367-1449) མཛད་པའི་དབུ་མ་རྩ་བའི་རྣམ་བཤད་ཟབ་མོའི་དེ་ཁོ་ན་ཉིད་སྣང་བ་ལས[5]། དང་པོ་ལ་མཚན་དོན་གྱི་སྒོ་ནས་བསྔགས་པ་དང༌། ལུང་བསྟན་པའི་སྒོ་ནས་བསྔགས་པའོ། །དང་པོ་ནི། ནཱ་གཱ་རྫུ་ན་ཞེས་པ་ཀླུ་དང་སྲིད་སྒྲུབ་གཉིས་ལ་འཇུག་པས། ཀླུ་དང་ཆོས་མཚུངས་པའི་ཚུལ་ལ། ཀླུ་ནི་ཁྱད་ཆོས་ལྔ་དང་ལྡན་པ་སྟེ། རྒྱ་མཚོའི་མཐར་མི་གནས་པ། རྒྱ་མཚོའི་དབུས་སུ་སྐྱེ་བ་བརྙེས་པ། རིན་པོ་ཆེའི་བང་མཛོད་ལ་དབང་འབྱོར་བ། མཐོང་བའི་མེས་ཕ་རོལ་བསྲེག་པ། གཙུག་གི་ནོར་བུའི་འོད་ཀྱིས་མུན་པ་སེལ་བའོ། །སློབ་དཔོན་འདི་ཡང༌། རྟག་ཆད་ཀྱི་མཐའ་གཉིས་ལ་མི་གནས་པ་དང༌། ས་རབ་ཏུ་དགའ་བའི་རྒྱ་མཚོར་སྐྱེ་བ་བརྙེས་པ་དང༌། གསུང་རབ་ཀྱི་མཛོད་ལ་དབང་འབྱོར་བས་གདུལ་བྱ་ལ་དམ་ཆོས་ཀྱི་རིན་པོ་ཆེ་སྟེར་བ་དང༌། བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་མེས་གཞན་གྱིས་བརྟགས་པའི་ལྟ་ངན་གྱི་བུད་ཤིང་བསྲེག་པ་དང༌། ལྷན་སྐྱེས་ཀྱི་ཡིད་ཀྱི་མུན་པ་སེལ་བའི་ཕྱིར་ཀླུ་ཞེས་བསྟན་ནོ། །སྲིད་སྒྲུབ་ཀྱི་ཆོས་ནི་གཉིས་ཏེ། སྲིད་སྒྲུབ་ཀྱི་མདས་ཕ་རོལ་གྱི་དཔུང་ཚོགས་འཇོམས་པ་དང༌། རང་གི་ཕྱོགས་རྒྱལ་སྲིད་ལ་འགོད་པའོ། །སློབ་དཔོན་འདི་ཡང་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་རིགས་ཚོགས་ཀྱི་མདས་སྲིད་པའི་དགྲ་སྡེ་འཇོམས་པ་དང༌། གདུལ་བྱ་ངེས་པར་ལེགས་པའི་རྒྱལ་སྲིད་ལ་འགོད་པའི་ཕྱིར། སྲིད་སྒྲུབ་ཀྱི་མིང་གི་ཕྱོགས་གཅིག་སྨོས་ནས་ཀླུ་སྒྲུབ་ཅེས་བྱའོ། །ཞེས་གསུངས་སོ།།

དེ་བཞིན་རྗེས་སུ་བསྔགས་པའི་ཁྱད་པར་ལས་སྐྱེས་ཐོབ་ཀྱི་མཚན་གྱི་སྒོ་ནས་བསྔགས་པ་ནི། རྨ་བྱ་བྱང་ཆུབ་བརྩོན་འགྲུས་ (-1185) ཀྱིས་མཛད་པའི་དབུ་མ་ཤེས་རབ་ཀྱི་འགྲེལ་པ་འཐད་པའི་རྒྱན་ལས[6]། ནཱ་གཱ་རྫུ་ན་ཞེས་པའི་ག་རིང་པོའི་འའི་སྲོག་ན་ཨ་གནས་པས་ནཱ་ག་ཨརྫུ་ན་སྟེ་ཀླུ་སྲིད་སྒྲུབ་ཅེས་སྲིད་མི་མངོན་པར་བྱས་ཏེ་དོན་གྱིས་གནས་པས་ཀླུ་ཞེས་པས་ལྟ་བ་ངན་པའི་མཐའ་ལ་མི་གནས་པ་དང༌། ས་དང་པོའི་ཡེ་ཤེས་ཀྱི་རྒྱ་མཚོར་སྐྱེ་བ་བརྙེས་པ་དང༌། བདེ་བར་གཤེགས་པའི་གསུང་རབ་ཀྱི་བང་མཛོད་ཀྱི་བརྗོད་བྱ་ཟབ་མོ་རྟེན་འབྲེལ་སྐྱེ་འགག་མེད་པའི་རིན་པོ་ཆེ་ལ་མངའ་བརྙེས་པ་དང༌། མཐོང་བའི་དུག་ཆོས་ཐམས་ཅད་བདག་མེད་པར་ལྟ་བ་ལས་བྱུང་བའི་རིགས་པའི་མེས་རང་གཞན་གྱི་སྡེ་པས་བཏགས་པའི་གྲུབ་མཐའ་ངན་པའི་བུད་ཤིང་མ་ལུས་པ་བསྲེག་པ་དང༌། གྲུབ་མཐས་མ་བསླད་པའི་འཇིག་རྟེན་ཐ་མལ་པའི་ཡིད་ཀྱི་མུན་པ་སེལ་བར་མཛད་པ་སྟེ་ལྔས་ཀླུ་དང་ཆོས་མཚུངས་པ་དང༌། སྲིད་སྒྲུབ་ཅེས་པས་གཉིས་སུ་མེད་པ་ཡེ་ཤེས་ཀྱི་གསུང་དྲང་ཞིང་འབིགས་པ་རྒྱལ་པོ་སྲིད་སྒྲུབ་ཀྱི་མདའ་དང་འདྲ་བས་ཉིད་ཀྱི་གདུལ་བྱ་ལྷ་དང་བཅས་པའི་འཇིག་རྟེན་ལ་ཁམས་གསུམ་དུ་སྲིད་པའི་དགྲ་སྡེ་མ་ལུས་པ་བཅོམ་ནས་ཆོས་ཀྱི་རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་རྒྱལ་སྲིད་གཏོད་པར་མཛད་པ་སྟེ་གཉིས་ཀྱིས་སྲིད་སྒྲུབ་དང་ཆོས་མཚུངས་པར་བསྟན་པའོ། །ཞེས་གསུངས་པ་ལྟར་ཀླུ་སྒྲུབ་ཅེས་པའི་མཚན་ནི་ཀླུ་དང་ཁྱད་ཆོས་ལྔ་ཡི་སྒོ་ནས་ཆོས་མཚུངས་པར་གསུངས་སོ།།

གཞན་ཡང་ཀླུ་སྒྲུབ་ཀྱི་སྐད་དོད་ནི། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་ (1648-1721/1722) མཛད་པའི་གྲུབ་མཐའ་ཆེན་མོ་ལས[7]། ནཱ་གཱ་རྫུ་ནའི་ནཱ་ག་ཀླུ་དང་། ཨ་རྫུ་ན་སྲིད་སྒྲུབ་ལ་འཇུག་ཅིང་། ཀླུ་ལ་རྒྱ་མཚོར་གནས་པ་དང་། ཡིད་བཞིན་གྱི་ནོར་བུ་སོགས་ནོར་གྱི་མཛོད་ལྡན་པ་དང་། ཁ་ནས་དུག་གི་མེས་བུད་ཤིང་བསྲེག་ཅིང་། གཞན་གསལ་བར་བྱེད་པ་གསུམ་དུ་ཡོད་པ་བཞིན་དུ་སློབ་དཔོན་ལའང་གཉིས་སྤངས་ཟབ་མོའི་བློ་མངའ་བ་ཆོས་ཟབ་མོའི་མཛོད་དང་ལྡན་པ། ལྟ་ངན་གྱི་བུད་ཤིང་བསྲེག་པ། ཡིད་ཀྱི་མུན་པ་སེལ་བ་གསུམ་ཡོད་དེ། (སློབ་དཔོན་ཟླ་བ་གྲགས་པས་ (c.600-650) ཚིག་གསལ་མཆོད་བརྗོད་དུ།) ཇི་སྐད་དུ་ཚིག་གསལ་ལས[8]། གང་ཞིག་མཐའ་གཉིས་གནས་ལ་གནས་བསལ་ཞིང་། །རྫོགས་སངས་རྒྱས་བློ་རྒྱ་མཚོར་སྐྱེ་བ་བརྙེས། །དམ་ཆོས་མཛོད་ཀྱི་ཟབ་མོ་ཉིད་ཇི་ལྟར། །རྗེས་སུ་རྟོགས་བཞིན་ཐུགས་རྗེས་སྟོན་པར་མཛད། །གང་གིས་ལྟ་བའི་མེ་དག་གིས། །ད་དུང་ཕས་རྒོལ་གཞུང་ལུགས་ཀྱི། །བུད་ཤིང་དང་ནི་འཇིག་རྟེན་གྱི། །ཡིད་ཀྱི་མུན་རྣམས་འཇོམས་པར་མཛད། །ཅེས་སོ། །སྲིད་སྒྲུབ་ཀྱིས་རྒྱལ་སྲིད་བསྐྱངས་པ་དང་། དགྲ་འདུལ་བ་བཞིན་དུ་སློབ་དཔོན་གྱིས་ཀྱང་ཆོས་ཀྱི་རྒྱལ་སྲིད་བསྐྱངས་པ་དང་། འཁོར་བའི་དགྲ་སྡེ་འཇོམས་པར་མཛད་པ་ཡིན་ཏེ། དེ་ཉིད་ལས། གང་གི་གཉིས་མེད་ཡེ་ཤེས་གསུང་མདའི་ཚོགས། །ལྷ་དང་བཅས་པའི་གདུལ་བྱའི་འཇིག་རྟེན་ལ། །ཁམས་གསུམ་དག་ཏུ་རྒྱལ་ཐབས་ལེགས་མཛད་པས། །སྲིད་པའི་དགྲ་སྡེ་མ་ལུས་འཇོམས་མཛད་པའི། །ཀླུ་སྒྲུབ་དེ་ལ་ཕྱག་འཚལ་ནས་ནི་དེའི། །ཞེས་སོ། །འདི་ལྟར་བྱས་ན་སློབ་དཔོན་གྱིས་དངོས་གྲུབ་བརྙེས་པའི་མཚན་ཀླུ་སྒྲུབ་ཅེས་ཨ་བྷྱས་གསུངས་པའང་འཐད་པར་འགྱུར་རོ། །དེ་ལྟར་སློབ་དཔོན་གྱི་མཚན་ཀླུ་དང་སྲིད་སྒྲུབ་དང་དཔེ་དོན་སྦྱར་ནས་འགྲེལ་ཏེ། ཡེ་ཤེས་ཀྱི་རྒྱ་མཚོར་སྐྱེ་བ་བརྙེས་པ་དང་། རྟག་ཆད་ཀྱི་མཐའ་ལ་མི་གནས་པ། རྒྱལ་བའི་གསུང་རབ་ཀྱི་བང་མཛོད་རིན་པོ་ཆེ་ལ་ཐོགས་མེད་དུ་དབང་བསྒྱུར་བ། ཤེས་རབ་ཀྱི་མེས་ལྟ་བ་ངན་པའི་ཚང་ཚིང་སྲེག་པས་ན་ཀླུ་དང་། ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་དང་། གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་གསུང་མདའ་ལྟར་དྲང་ཞིང་ཁམས་གསུམ་གྱི་དགྲ་སྡེ་མ་ལུས་པ་འབིགས་པར་མཛད་པས་སྲིད་སྒྲུབ་སྟེ། ཀླུ་སྒྲུབ་ཅེས་མཚན་ཐོགས་པར་གསུངས་སོ།།

པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་ (1883-1937)  མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་སོགས་འཕགས་བོད་ཀྱི་པཎ་གྲུབ་ཆེན་པོ་འགའ་ཞིག་ལ་གསོལ་བ་འདེབས་པའི་རིམ་པར་ཕྱེ་བ་ཕུལ་བྱུང་དོན་ལྡན་ལས[9]།

རྟེན་འབྱུང་མཐའ་བྲལ་ཟབ་དོན་ཐུགས་ཆུད་པས། །

དབང་ཕྱུག་བརྒྱད་མཐར་སོན་ཅིང་མདོ་སྔགས་གཞུང་། །

འཆད་ལ་རྒྱལ་བ་གཉིས་པར་རབ་གྲགས་པ། །

འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། ཀླུ་སྒྲུབ་ཅེས་པའི་མཚན་ཇི་ལྟར་ཐོགས་ཚུལ་ནི། ཚད་མ་རྣམ་པར་འཇོམས་པ་མདོར་བཤད་པའི་འགྲེལ་པ་[10]ལས[11]། ད་ནི་ཚིག་གི་དོན་བསྟན་པར་བྱ་བའི་ཕྱིར་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་སྨོས་པའོ། །དེ་ལ་ཆེན་པོ་ཞེས་བྱ་བ་ནི་རིག་པ་དང་ལྡན་ཞིང་། ཀུན་ཀྱང་རྗེས་སུ་འགྲོ་བའི་གནས་དམ་པ་ཡིན་པས་ན་སློབ་དཔོན་ཆེན་པོ་འོ། །ཀླུ་སྒྲུབ་ནི་མི་ལས་ཁྱད་པར་དུ་འཕགས་པའི་མཚན་གྱི་ཆེ་བ་སྟེ། དེ་ཡང་སྔོན་གང་ཞིག་གི་དོན་དུ་ཀླུའི་ཡུལ་དུ་བྱོན་པ་ལ། ཀླུ་རྣམས་ཀྱིས་སོ་སོའི་རྫུ་འཕྲུལ་བསྟན་པས་ཟིལ་གྱིས་ནོན་པར་མ་ནུས་པས། ཀླུའི་རྒྱལ་པོ་ཉེ་དབང་གི་བུ་མོ་བྱིན་ནས་ཀླུ་རྣམས་ཀྱིས་མཆོད་པ་བྱེད་ཅིང་། དེར་མཚན་ཐོབ་ནས་མིའི་ཡུལ་དུ་དགེ་སློང་གི་དུས་སུ་ཡང་གྲགས་སོ། །ཞེས་དང་། ཡང་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ (1002/1012-1097/1100) མཆོག་གིས་མཛད་པའི་བཀའ་བབས་བྱིན་བརྒྱུད་ལས[12]། སློབ་དཔོན་ཀླུ་ཡུལ་དུ་བྱོན། ཀླུའི་ཁབ་སྒོ་ན་བཞུགས་པ་དང་། ཀླུའི་རྒྱལ་པོ་ན་རེ། དུག་གིས་མི་ཚུགས་ན་ནང་དུ་བྱོན་ཟེར་ནས་བྱོན། ཀླུའི་རྒྱལ་པོ་འཁོར་དང་བཅས་པ་ལ་ཆོས་བསྟན། བསོད་སྙོམས་བཞེས་སོ། །དེའི་ཚེ་ཀླུ་རྣམས་ཀྱིས་བཞུགས་པར་ཞུས་པས། ད་ང་མཆོད་རྟེན་བྱེ་བ་བཞེངས་པའི་འདམ་ཚོལ་བ་དང་། འབུམ་གདན་འདྲེན་དུ་འོངས་ཀྱི། བསྡད་མི་ཁོམས་ཕྱིས་འོང་སྲིད་གསུངས་ཏེ་འདམ་མང་པོ་དང་། འབུམ་དང་ཡི་གེ་ཉུང་ངུ་ཡང་གདན་དྲངས་ཏེ་འབུམ་གྱི་ཞབས་ནས་བག་ཙམ་ཀླུས་མ་བསྐུར་ཞེས་གྲགས་སོ། །དེ་ནས་འདམ་དེས་མཆོད་རྟེན་ལ་སོགས་པ་ཀླུ་རྣམས་ཀྱིས་གྲོགས་བྱས་ནས་ཕལ་ཆེར་གྲུབ་ལ། འགའ་ཞིག་ཀླུའི་ཡུལ་དུ་མི་འགྲོ་བའི་ཕྱིར་མ་བྱས་ཏེ། དེ་ནས་ཀླུ་སྒྲུབ་ཅེས་མིང་དུ་ཆགས་སོ། །ཞེས་གསལ་ལོ།།

འོན་ཀྱང་ལོ་ཆེན་གཞོན་ནུ་སྲོག་[13] (344-413) གིས་བསྒྱུར་བའི་ཀླུ་སྒྲུབ་ཀྱི་བྱུང་བ་བརྗོད་པ་ལས[14]། སློབ་དཔོན་དེ་ཡུམ་ལས་འཁྲུངས་པ་ན། ལྗོན་ཤིང་ཞིག་གི་འོག་ཏུ་སྐུ་འཁྲུངས་པས་མཚན་ལ་ཨརྫུན་ཞུ། ཨརྫུན་ནི་ལྗོན་ཤིང་ཞིག་གི་མིང་ངོ་། །ཀླུ་ལ་བརྟེན་ནས་ལམ་གྲུབ་པས་མཚན་གྱི་ཐོག་མར་ནཱག་སྟེ་ཀླུ་ཞེས་པ་བསྣན་པས་ནཱགཱ་རྫུན་སྟེ་ཀླུ་ཤིང་ཀླུ་སྒྲུབ་ཅེས་གྲགས་སོ། །ཞེས་གསུངས་པ་ལྟར་བོད་སྐད་དུ་ཐད་བསྒྱུར་བྱས་ན་ཀླུ་ཤིང་ཞེས་བསྒྱུར་དགོས་ཤིང་། རྒྱ་གར་གྱི་སློབ་དཔོན་པྲཛྙཱ་རུཙི་སྟེ་ཤེས་རབ་གསལ་བས་ཕྱི་ལོ་ ༥༣༨ ནས་ ༥༤༣ བར་དུ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མའི་ཆ་མཐུན་ཞེས་པའི་བསྟན་བཅོས་འཕགས་པ་ཐོགས་མེད་ཀྱི་འགྲེལ་པ་དང་བཅས་པ་རྒྱ་ནག་སྐད་དུ་བསྒྱུར་བ་ལས་ནི་ཀླུ་ལས་རྒྱལ་ཞེས་བསྒྱུར་རོ། །ལོ་ཆེན་ཞོན་ཙང་ནི། ཐང་གི་སྐད་དུ་ཀླུ་སྒྲུབ་ཞུ། འགྱུར་རྙིང་དུ་ཀླུ་ཤིང་ཞེས་བསྒྱུར་བ་ནི་དོན་མ་ཡིན་ནོ་ཞེས་གསུངས་ཏེ། ཐད་ཀར་བསྒྱུར་ན་ཀླུ་ལ་བརྟེན་ནས་ནུས་ལྡན་དུ་གྱུར་པའམ་དཔའ་རྒོད་དུ་གྱུར་པའི་དོན་དུ་འགྲེལ་དགོས་པས་ཀླུ་སྒྲུབ་ཏུ་བསྒྱུར་ན་རུང་ངོ་། །ཞེས་རྒྱའི་ཡིག་ཆར་མཚན་ཐོགས་ཚུལ་གཞན་དང་མི་འདྲ་བ་ཞིག་གསལ་ལོ།།

ཡང་ཀླུ་སྒྲུབ་ཅེས་མཚན་ཐོགས་ཚུལ་གཞན་ཞིག་ནི། སློབ་དཔོན་གྱིས་ཀླུ་ཡུལ་གྱི་ཀུན་དགའ་ར་བའི་ནང་སྐལ་བ་དང་ལྡན་པ་རྣམས་ལ་དམ་པའི་ཆོས་གསུངས་པའི་ཚེ་སློབ་དཔོན་ཉིད་ལ་ཉི་འོད་ལས་སྐྱབས་ཕྱིར་ཀླུ་རྣམས་ཀྱིས་ལག་འགྲོ་དྲུག་གི་གདུགས་ཕུབ་པ་སོགས་ཀླུའི་བདག་པོར་གྱུར་པས་ན་ཀླུ་དང་། དཔེར་ན། སྐྱ་བསེང་བུ་འབྲིང་བ་སྲིད་སྒྲུབ་འཕོང་མཁན་ཞེས་པ་མདའ་འཕེན་པ་ལ་མྱུར་བའམ་སྐྱེན་པ་བཞིན་དུ་སློབ་དཔོན་ཡང་ཐེག་ཆེན་གྱི་ཆོས་སྤེལ་བ་ལ་སྲིད་སྒྲུབ་དང་མཚུངས་པས་ན་སྒྲུབ་ཅེས་བྱའོ། །ཡང་ལྷ་མོ་ཀུ་རུ་ཀུ་ལེའི་རིགས་སྔགས་ཀྱི་སྒོ་ནས་ཀླུ་བསྒྲུབས་ཏེ་འཇོག་པོ་ལ་སོགས་པའི་ཀླུ་རྣམས་ལ་དབང་བསྒྱུར་བས་ཀླུ་སྒྲུབ་ཅེས་པའི་བཤད་སྲོལ་ཡང་ཡོད།[15]

གཞན་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་གསུང་གི་མཛད་བྱང་ཁག་ཏུ་ལེགས་སྦྱར་གྱི་ནཱ་ག་རྫུ་ན་དང་། དེ་བོད་སྐད་དུ་བསྒྱུར་བའི་མཚན་ཀླུ་སྒྲུབ་གཉིས་ལས་མི་འབྱུང་ཞིང་། སྟོན་པ་ཉིད་ (Bc.624-544) ཀྱིས་མཛད་པའི་འཕགས་པ་ལང་ཀར་གཤེགས་པའི་ཐེག་པ་ཆེན་པོའི་མདོ་ལས[16]།

དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །

ཞེས་གསུངས་པ་ལྟར། བསྙེན་རྫོགས་སྒྲུབ་པའི་སྐབས་ཀྱི་མཚན་ལ་དགེ་སློང་དཔལ་ལྡན་དང་། དེ་མིན་སློབ་དཔོན་ཀླུ་སྒྲུབ་ཅེས་པའང་མཚན་གྱི་རྣམ་གྲངས་ཡིན་པར་གསུངས་ལ། འཇམ་དཔལ་རྩ་རྒྱུད་དང་། སྤྲིན་ཆེན་པོ་སྟོང་ཕྲག་བཅུ་གཉིས་པ། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་གསུམ་ལས་ཀླུ་དང་ཀླུ་སྒྲུབ་ཅེས་བྱ་བའི་དགེ་སློང་དུ་གྱུར་པར་གསུངས་ཤིང་། འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོ་ལས་དགེ་སློང་བློ་འཆང་ཞེས་བྱ་བ་མཚན་གྱི་རྣམ་གྲངས་སུ་གསལ་ལ། གཞན་ཡང་ཡར་རྗེ་ཨོ་རྒྱན་གླིང་པས་ (1323-) གཏེར་ནས་བཞེས་པའི་བཀའ་ཐང་སྡེ་ལྔ་ལས[17]། དབང་པོའི་སྡེ་ལ་རབ་ཏུ་བྱུང་། །ཆོས་མིང་སིདྡྷི་ཕ་ལ་ཞེས༔ ཞེས་གསལ་བ་ལྟར་སིདྡྷི་ཕ་ལ་ཞེས་པ་འདི་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་མཚན་གྱི་རྣམ་གྲངས་ཡིན་པར་གསུངས་པ་རྣམས་སོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  འབྲི་གུང་བཀའ་བརྒྱུད་ཆོས་མཛོད། ༼ཇེ༽ དཔེ་རིང་། ཤོག་ ༣༠བ༢ ནས་ ༣༡བ༣ བར།

[2]  ནཱ་གཱ་རྫུ་ན་དང་། ནཱ་ག་རྗུན། ནཱ་ག་རྫུ་སོགས་འབྲི་ཚུལ་མི་འདྲ་བ་འགའ་ཞིག་སྣང་།

[3]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༤༨

[4]  ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼༢༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༤༤༨

[5]  རོང་སྟོན་གསུང་འབུམ། ༼ཆ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། འཕྲུལ་དཔར་དཔེ་གཟུགས། ཤོག་གྲངས་ ༣ན༣

[6]  དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་འཐད་པའི་རྒྱན། དབུ་མ། དཔེ་རིང་། ཤོག་གྲངས་ ༦ན༥

[7]  ཀུན་མཁྱེན་གྲུབ་མཐའ་ཆེན་མོ། སྒོ་མང་དཔེ་མཛོད། ཐེ་ཝན་པར་མ། ༢༠༡༢ ལོ། ཤོག་ ༣༧༠

[8]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ ༦༠ པ། ༡༩༩༤ ལོ། ཤོག་ ༣

[9]  པཎ་ཆེན་ཆོས་ཀྱི་ཉི་མའི་གསུང་འབུམ། ༼ཁ༽ བཀྲས་ལྷུན་པར་མ། དཔེ་རིང་། ཤོག་ ༡ན༡ ནས་ ༤ན༣ བར།

[10]  བསྟན་འགྱུར་དུ་བསྟན་བཅོས་འདི་ཉིད་ཀྱི་མཛད་པ་པོའི་མཚན་མི་གསལ།

[11]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཨ༽ དེབ་ཨང་ ༦༣ པ། ༡༩༩༤ ལོ། ཤོག་གྲངས་ ༡༨༣༡

[12]  ཆོས་ཀྱི་བློ་གྲོས་ཀྱི་གསུང་འབུམ། ༼༡༽ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ༢༠༠༩ ལོ། ཤོག་ ༡༠

[13]  ཀུ་མ་ར་ཇི་བ་སྟེ་གཞོན་ནུ་སྲོག་ནི་ཕྱི་ལོ་ ༣༤༤-༤༡༣ བར་བྱོན་པ་དང་། ཕྱི་ལོ་ ༤༠༡ ལོར་རྒྱ་ནག་ཏུ་ཕེབས་ཏེ་རྒྱ་ཡིག་ཏུ་བསྒྱུར་བའི་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱི་རྣམ་ཐར་རམ་ཀླུ་སྒྲུབ་ཀྱི་བྱུང་བ་བརྗོད་པ་ནི། ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པའི་མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་ཐར་རྣམས་ཀྱི་ཁྲོད་ནས་ཆེས་སྔ་ཤོས་དང་ཁུངས་བཙན་ཤོས་ཤིག་ཡིན་ལ། རྣམ་ཐར་དེ་ཉིད་ཨ་ལགས་དོར་ཞི་གདོང་དྲུག་སྙེམས་བློ་དང་། ལི་ཐང་བཞག་པ་འཇམ་དབྱངས་མཁས་གྲུབ་རྣམ་གཉིས་ཀྱིས་བསྒྱུར་བ་གཉིས་བཞུགས་སོ།།

[14]  ཀུ་མ་ར་ཇི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞི་གདོང་དྲུག་སྙེམས་བློས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༥ ༼༢༽ ཤོག་ ༡༣༦

[15]  མདོ་ཀུན་ལས་བཏུས་པ། གླེང་བརྗོད། ཝཱར་ཎཱ་མཐོ་སློབ། ༢༠༡༢ ལོ། ཤོག་གྲངས་ ༢༦

[16]  བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཅ༽ དེབ་ ༤༩ པ། ༡༩༩༤ ལོ། ཤོག་གྲངས་ ༤༠༦

[17]  བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༠༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༧༤ ནས་ ༨༣ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *