ཝ༽ འཕགས་པ་ཐོགས་མེད་ཀྱི་རྣམ་ཐར་སྙིང་བསྡུས།
པེ་ཤ་ཝར་དུ་རྒྱལ་པོའི་རིགས་སུ་འཁྲུངས། །
བྱམས་པས་རྗེས་བཟུང་ས་སྡེ་སྡོམ་སོགས་མཛད། །
སེམས་ཙམ་སྲོལ་བཏོད་ཐེག་ཆེན་བསྟན་པ་སྤེལ། །
བསྟན་པའི་ཀ་ཆེན་ཐོགས་མེད་ཞབས་ལ་འདུད། །
ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་ཨ་སཾ་གཿ (असंग,) (Asanga) དང་། རྒྱའི་སྐད་དུ་ (無著) བོད་སྐད་དུ་འཕགས་པ་ཐོགས་མེད་ཅེས་ཞུ་ཞིང་།
ཕྱི་ལོ་ ༣༩༥ ལོར་སྟོན་པ་འདས་ནས་ལོ་དགུ་བརྒྱའི་རྗེས་གནྡྷཱ་རའི་ཡུལ་ཏེ་པ་ཀི་སི་ཐན་གྱི་པེ་ཤ་ཝར་དུ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཀྱིས་རྒྱལ་རིགས་དང་འགྲོགས་པའི་སྲས་སུ་སྐུ་འཁྲུངས། རབ་ཏུ་བྱུང་ནས་ཆོས་ཀྱི་བྱ་བ་ལོ་བདུན་ཅུ་རྩ་ལྔ་ཙམ་མཛད། རི་བོ་བྱ་རྐང་དུ་བྱམས་མགོན་ལོ་བཅུ་གཉིས་བསྒྲུབས་ཏེ་ཞལ་གཟིགས། དགའ་ལྡན་དུ་བྱོན་ཏེ་མི་ལོ་ལྔ་བཅུའི་རིང་བྱམས་ཆོས་གསན་ནས། སླར་མི་ཡུལ་དུ་བྱོན་ནས་བྱམས་ཆོས་ཡི་གེར་བཀོད་ཅིང་བསྟན་པ་གསལ་བར་མཛད། ས་སྡེ་ལྔ་དང༌སྡོམ་རྣམ་གཉིས་སོགས་བསྟན་པ་མཐའ་དག་བསྡུ་བའི་རྨད་བྱུང་ལེགས་བཤད་ཀྱི་བསྟན་བཅོས་ ༣༣ མཛད་ནས་སེམས་ཙམ་པའི་ཤིང་རྟའི་སྲོལ་བཏོད། མངོན་པ་ལ་དགྲ་ལན་གསུམ་བྱུང་སྟེ་ཐེག་ཆེན་གྱི་བསྟན་པ་ཉམས་པ་གསོ་བར་མཛད། དཔལ་ནཱ་ལེནྡྲའི་མཁན་པོ་གནང་ཞིང་། ཆོས་གཞི་དང་དགེ་འདུན་གྱི་སྡེ་འཕེལ་བར་མཛད། གཅུང་སློབ་དཔོན་དབྱིག་གཉེན་སོགས་བསྟན་པའི་ཁུར་ཆེན་འདེགས་པའི་ཀ་བ་ལྟ་བུའི་སློབ་བུ་མང་དུ་བསྐྱངས། ས་གསུམ་བརྙེས་ཤིང་དགུང་ལོ་ ༡༥༠ བཞུགས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། མཐར་ཕྱི་ལོ་ ༤༧༠ ལོར་ཞི་བར་གཤེགས་ཤིང་། སྐུ་གདུང་རྒྱལ་པོའི་ཁབ་ཏུ་བཞེངས་པར་གྲགས། རྒྱན་དྲུག་ལས་མངོན་པའི་རྒྱན་དང་། པཎ་གྲུབ་བཅུ་བདུན་ལས་དགུ་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༦༢༥ ནས་ ༦༢༦ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།