ད༽ ཨཱརྱ་དེ་ཝ་སྤྱན་གཅིག་ཏུ་གྱུར་ཚུལ།
དེ་ལ་རྒྱ་དཀར་ནག་བོད་བཅས་ཀྱི་རྒྱལ་རབས་ཆོས་འབྱུང་དང་། ནང་དོན་རིག་པའི་གཞུང་ལུགས་སོགས་ཀྱི་བཞེད་ལུགས་གསུམ་ལས། དང་པོ། རྒྱ་གར་འཕགས་ཡུལ་གྱི་མཁས་པས་མཛད་པའི་གཞུང་ལུགས་དང་རྣམ་ཐར་གྱི་བཞེད་ལུགས་ལྟར་ན། སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་བཤད་སྦྱར་ལས[1]། གང་གི་ཚེ་མཆོག་སྲེག་ (སྲེད་) ལ་སོགས་པ་བཏུལ་ནས།
སླར་དཔལ་གྱི་རི་ལ་བླ་མའི་སྤྱན་སྔར་གཤེགས་པའི་ལམ་དུ་སྐྱེས་བུ་ཞིག་སློབ་དཔོན་འདིའི་སྤྱན་པདྨའི་འདབ་མ་གཞོན་ནུ་ལྟ་བུ་ལ་ཆགས་པས་བསྟོད་པ་ན་དེའི་སྲེད་པ་ཞི་བར་བྱ་བའི་ཕྱིར་རོ། །སོར་མོའི་རྩེ་མོས་སྤྱན་གཡས་པ་ཕྱུང་ནས་དེ་ལ་གནང་སྟེ། དེ་ནས་འཕགས་པ་ཀླུ་སྒྲུབ་ལ་ཇི་ལྟར་གྱུར་པ་བསྙད་པ་ན་འཕགས་པ་མ་དགྱེས་ཏེ། ཁྱོད་ནི་ཞར་བ་གླེན་པའོ་ཞེས་སྤྱོས་ཏེ། དེ་ནས་བཟུང་སྟེ་ཀཱ་ནཱའི་རིགས་ཞེས་གྲགས་སོ་ཞེས་པ་དང་། ཡུལ་གྱི་བཟང་མོ་ཐམས་ཅད་ཆགས་པའི་དབང་གིས་རང་རང་གི་བུ་སློབ་དཔོན་ལྟ་བུ་བཙས་སོ་ཞེས་གྲགས་པའི་ཕྱིར་རོ། །ཞེས་པ་ལྟར་ནཱ་ལེནྡྲ་ནས་ལྷོ་ཕྱོགས་དཔལ་རིར་བྱོན་པའི་ཕེབས་ལམ་དུ་སྐྱེས་བུ་ཞིག་ལ་སྤྱན་སྦྱིན་པར་གསུངས།
དེ་བཞིན་འཇིགས་མེད་འབྱུང་གནས་སྦས་པ་ (དུས་རབས་11པ།) སྟེ་སློབ་དཔོན་ཨ་བྷ་ཡཱ་ཀ་རས་མཛད་པའི་ཨཱརྱ་དེ་ཝའི་རྣམ་ཐར་ལས[2]། ཕྱག་ཕྱིར་འབྲངས་པའི་བུ་མོ་ཞིག་ཡོད་པ་དེས་ཕྱིར་འབོད་པ་ལ་སློབ་དཔོན་གྱིས་ཁྱོད་བདག་ལ་ཡུན་རིང་པོར་བསྙེན་བཀུར་བྱས་པ་ཡིན་པས། ཁྱོད་ཅི་འདོད་པ་སྟེར་གསུངས་པས། བུ་མོ་དེ་ན་རེ། བདག་ལ་གཞན་ཅི་ཡང་མི་དགོས། ཁྱེད་ཀྱི་སྤྱན་ལ་ཆགས་ནས་ཕྱིར་འབྲངས་པ་ཡིན་པས། སྤྱན་སྟེར་དགོས་ཟེར་བ་ལ་གཡས་པ་བཏོན་ཏེ་བྱིན་པས། ཕྱོགས་ཐམས་ཅད་མཚན་ཡང་ཨཱརྱ་དེ་ཝ་སྤྱན་གཅིག་པ་ཞེས་གྲགས། ཞེས་གསུངས་པ་ལྟར། སློབ་དཔོན་ཨཱརྱ་དེ་ཝས་མུ་སྟེགས་རྟ་དབྱངས་བཏུལ་ཏེ་ལྷོ་ཕྱོགས་དཔལ་གྱི་རིར་ཕྱིར་ཕེབས་ནས་སྐུ་ཚེ་མཐའ་མའི་མཛད་པ་བསྟན་པའི་སྐབས་སོགས་སུ་ཡིན་པར་གསལ་ལོ།།
གཉིས་པ། རྒྱ་ནག་གི་སྐད་ཡིག་ཐོག་གསལ་བའི་སློབ་དཔོན་ཨཱརྱ་དེ་ཝའི་རྣམ་ཐར་ལྟར་ན། དེ་ཡང་ཨརྱ་དེ་ཝའི་བྱུང་བ་བརྗོད་པ་ལས[3]། ཨརྱ་དེ་ཝ་ལ་སྤྱན་གཅིག་ལས་མེད། དེའི་རྒྱུ་མཚན་ནི་སིང་ག་ལ་ན་ལྷ་ཆེན་པོའི་ལྷ་ཁང་ཞིག་ཡོད་ལ། དེའི་ནང་ན་ལྷ་དབང་ཕྱུག་ཆེན་པོའི་འཇིམ་གཟུགས་ཆེན་པོ་ཞིག་བཞེངས་ཡོད་པ་རྒྱུན་དུ་མི་རྣམས་ཡོང་ནས་ཕྱག་དང་མཆོད་པ་འབུལ་གྱིན་འདུག །ཉིན་ཞིག་རྒྱལ་སྲས་དེ་ཝ་ལྷ་ཁང་དེར་སོང་ནས་ལྟད་མོ་ལྟ་བསམས་པ་ལ། སྒོ་གཉེར་གྱིས་སྒོར་བཀག་ནས་ལྷ་ཆེན་པོ་ནི་དྲག་ཅིང་གཏུམ་པས། གམ་དུ་བཅར་ན་ཐུགས་ཁྲོས་པས་ལྷ་ཁང་ནང་དུ་འགྲོ་མི་ཉན་ཟེར། རྒྱལ་སྲས་ཀྱིས་ལྷ་ཆེན་གྱི་སྐུ་གཟུགས་བཞེངས་པ་མི་མང་ལ་སྟོན་ཕྱིར་མིན་ནམ། བལྟར་མི་འཇུག་ན་རྟེན་བཞེངས་ནས་ཅི་བྱེད་གསུངས་ཤིང་། ཁོང་རྒྱལ་སྲས་ཡིན་སྟབས་སྒོ་གཉེར་གྱིས་ཀྱང་འགོག་མ་ཐུབ་པར་ནང་དུ་བཏང་། རྒྱལ་བུས་སྐུ་གཟུགས་ལ་བལྟས་པ་ན། ལྷ་ཆེན་པོའི་སྐུ་དེ་ངེས་པར་མཐོ་ཞིང་བརྗིད་ལ། མིག་བགྲད་ནས་ཁྲོས་པའི་ལྟ་སྟངས་ཅན་ཞིག་ཏུ་འདུག །དེ་ལ་རྒྱལ་བུས་སྨྲས་པ། ཁྱེད་ལྷ་ཆེན་པོ་རེད། མང་མང་གིས་ཁྱེད་ལ་མཆོད་འདུག་པས་ཞི་དུལ་བྱམས་པའི་ཉམས་སྟོན་དགོས་པ་ལ། ཁྱོད་མིག་བགྲད་ནས་ལྟ་དོན་ཅི་ཡིན། ཁོ་བོས་ཁྱོད་ཀྱི་མིག་གཅིག་བཏོན་པར་བྱས་ནས་མཇལ་སྐོར་བ་རྣམས་མི་སྐྲག་པར་བྱེད་ཟེར་ནས་གྲི་བཙུགས་ཏེ་ལྷ་ཆེན་པོའི་མིག་གཅིག་བཏོན་པར་བྱས་སོ། །དེའི་མཚན་མོར་རྒྱལ་བུས་མཆོད་རྫས་མང་པོ་བཤམས་ནས་ལྷ་ཆེན་པོར་མཆོད་ཅིང་བསྟོད་པས། ལྷ་ཆེན་པོས་དངོས་སུ་ཞལ་གཟིགས་བསྟན་པ་ལྷ་ཁང་དེར་བཞེངས་པའི་གཟུགས་དང་འདྲ་ཞིང་འཇིགས་རྔམ་སྟོན་པ་ཞིག་ཏུ་འདུག །ལྷ་ཆེན་པོས་ཉིན་དཀར་ཁྱོད་ཀྱིས་སྨྲས་པའི་གཏམ་དེ་ཁོ་བོས་ཐོས། ཁོ་བོའི་རང་བཞིན་འཇིགས་སྐྲག་བྱེད་དགོས་པ་ཞིག་མིན་ཡང་། འབག་བཟོས་དེ་འདྲའི་འཇིགས་ཉམས་ཤིག་བཟོས་པ་རེད། གཞན་དག་ཁོ་བོར་སྐྲག་ནས་དད་ཅིང་། ཁྱོད་ཀྱིས་ཁོ་བོར་བརྙས་བཅོས་བྱས་པ་རེད་ཟེར། རྒྱལ་བུས་འོ་ན་ཁྱོད་ང་ལ་རེ་བ་ཅི་ཡོད་ཅེས་པས་ལྷ་ཆེན་པོས་ཁྱོད་ཀྱིས་ཁོ་བོའི་མིག་བྲུས་པས། ཁྱོད་ཀྱི་མིག་གཅིག་ཁོ་བོའི་མིག་གི་ཚབ་ཏུ་སྟེར་དགོས་པས་ཁྱོད་ཀྱིས་སྟེར་ཕོད་དམ་ཟེར། དེ་ལ་དཀའ་ལས་ཅི་ཡོད་ཟེར་ནས་རང་གི་མིག་གཡོན་པ་བྲུས་ནས་ལྷ་ཆེན་པོར་བྱིན་པ་ལ། ལྷ་ཆེན་པོས། ཁྱོད་ནི་བླ་ན་མེད་པའི་གཏོང་ཕོད་ལྡན་ཞེས་བསྔགས་བརྗོད་བྱས་སོ། །ཞེས་གསལ། ཤོད་ཚུལ་འདི་ཉིད་སྒྲུང་གི་རང་བཞིན་ལྡན་པ་ཞིག་ཡིན་ན་ཡང་ཚིག་དུམ་འདིའི་ནང་ནས་གསལ་རྙེད་ཐུབ་པ་དེ་ནི་སློབ་དཔོན་ཨརྱ་དེ་བར་སྤྱན་ཡ་གཅིག་མེད་པའི་ཤོད་ཚུལ་དེ་དོན་དངོས་ཡིན་ཁར། ཁོང་གི་ཡབ་མེས་ཀྱི་ཆོས་ལུགས་ཧིན་དྷུ་བའམ་ལྷ་ཆེན་མཆོད་མཁན་ཞིག་ཡིན་པ་གསལ་འདུག་པ་དེར་ཡིད་ཆེས་བྱེད་ཆོག་སྙམ། ཞེས་ནཱལནྡཱ་ཞིབ་འཇུག་[4]ཏུ་གསལ་ལ། སྤྱན་གཅིག་ཏུ་གྱུར་ཡུལ་ཡང་རྒྱ་གར་འཕགས་ཡུལ་གྱི་ལྷོ་ཕྱོགས་དཔལ་རི་ནས་དབུས་ཕྱོགས་དཔལ་ནཱ་ལེནྡྲར་བྱོན་སྐབས་མིན་པར་འཁྲུངས་ཡུལ་སིངྒ་ལར་ཡིན་པ་དང་། སྤྱན་ཡང་གཡོན་པ་ཡིན་ཚུལ་གསལ་བའོ།།
གསུམ་པ། བོད་ཡིག་ཐོག་བཞུགས་པའི་ཆོས་འབྱུང་ཁག་ཏུ་གསལ་བ་ནི། དེ་ཡང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[5]། རྐང་མགྱོགས་ཀྱི་རྫས་ལ་བརྟེན་ཏེ་ཚུར་བྱོན། ལམ་དུ་མུ་སྟེགས་ཀྱི་རིགས་ཀྱི་བུད་མེད་ཅིག་དངོས་གྲུབ་ཀྱི་རྫས་ཀྱི་དོན་དུ་དགེ་སློང་མཁས་པའི་མིག་དགོས་པར་བྱུང་ནས་སྤྱན་ཡ་གཅིག་སློང་བ་ལ་དེ་བྱིན་ཞེས་གསལ། དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1588) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[6]། ལམ་གྱི་མུ་སྟེགས་རྣམས་ཐུལ་མིག་ལ་མ་ཆགས་པར་གྱིས་ཤིག་གསུངས། ལམ་དུ་ནགས་ཀྱི་ལྷ་མོ་ན་རེ་སློབ་དཔོན་གྱི་སྤྱན་ལེགས་ཅེས་རྗེས་སུ་འབྲངས་པ་ན་འོ་ན་ཁྱོད་ཁྱེར་ཞེས་སྤྱན་ཡ་གཅིག་བྱིན། ཞེས་ནགས་ཀྱི་ལྷ་མོར་སྦྱིན་པར་གསལ་ལོ།།
གཞན་ཡང་སྤྱན་ཡ་གཅིག་ཏུ་གྱུར་པའི་རྒྱུ་རྐྱེན་ནི། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[7]། སློབ་དཔོན་གྱིས་ཕྱི་པའི་བཟུང་། ཨཱརྱ་དེ་ཝས་ནང་པ་བཟུང་སྟེ་རྩོད་པས་ཨཱརྱ་དེ་ཝ་རྒྱལ། མུ་སྟེགས་ངན་པ་དེ་ཁྱེར་བྱས་ཏེ་མཆིལ་ལྷམ་སློབ་དཔོན་ལ་འཕངས། དེར་དྲན་པ་རྙེད་ནས་འགྱོད་དེ་ཆད་པ་ཞུས་པས་ཉེས་པ་མི་འོང་གསུངས། ཅིས་ཀྱང་མཛད་པར་ཞུས་པས། ལམ་དུ་མུ་སྟེགས་ཞི་བར་སྨྲ་བའི་སྡེ་པ་འབུམ་ཡོད་པས་དེ་ཐུལ་ལ་སངས་རྒྱས་ཀྱི་བསྟན་པ་ལ་ཆུག་གསུངས། ལམ་དུ་ཤིང་གི་ལྷ་མོས་སྤྱན་སློང་བ་ལ་གཅིག་སྦྱིན་པར་བཏང་། དེར་སློབ་དཔོན་གྱི་བཀའ་བཞིན་དུ་ལམ་གྱི་ཞི་བའི་སྡེ་པ་རྩོད་པས་བཏུལ་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད། ཅེས་དང་། དེ་བཞིན་མཁན་པོ་བསོད་ནམས་ཚེ་རྒྱལ་གྱིས་བསྒྲིགས་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་རྣམ་ཐར་བསྟན་འཛིན་རྒྱ་མཚོའི་ཞལ་ལུང་ལས[8]། དེ་ནས་ནཱ་ལེནྡྲར་ཕེབས་པར་ལམ་བར་དུ་ཤིང་གི་ལྷ་མོས་མིག་བསླངས་པས་སྦྱིན་པར་མཛད་ཀྱང་། སླར་བྱིན་གྱིས་བརླབས་མ་ནུས་པས་དེའི་རྣམ་སྨིན་གྱིས་ཡིན་གསུངས་ཏེ་སྤྱན་ཡ་གཅིག་ལས་མེད། ཅེས་གསལ་བ་ལྟར་རྒྱ་གར་ཆོས་འབྱུང་དུ་ལྷོ་ཕྱོགས་དཔལ་རི་ནས་ནཱ་ལེནྡྲར་ཕེབས་ལམ་དུ་མུ་སྟེགས་རིགས་ཀྱི་བུད་མེད་ཅིག་ལ་སྤྱན་སྦྱིན་པར་གསུངས་ལ། ཀུན་མཁྱེན་པདྨ་དཀར་པོའི་ཆོས་འབྱུང་དང་། བསྟན་འཛིན་རྒྱ་མཚོའི་ཞལ་ལུང་གཉིས་སུ་ལྷོ་ཕྱོགས་དཔལ་རི་ནས་ནཱ་ལེནྡྲར་ཕེབས་པའི་ལམ་དུ་ཤིང་གི་ལྷ་མོར་སྦྱིན་པར་གསལ། སློབ་དཔོན་བྱང་ཆུབ་བཟང་པོས་ནཱ་ལེནྡྲ་ནས་ལྷོ་ཕྱོགས་དཔལ་རིར་སླར་གཤེགས་པའི་ཕེབས་ལམ་དུ་སྐྱེས་བུ་ཞིག་ལ་སྦྱིན་པར་གསུངས།
ཡང་སློབ་དཔོན་ཨ་བྷ་ཡ་ཀ་རས་སློབ་དཔོན་རང་ཉིད་ཀྱི་ཕྱག་ཕྱིར་འབྲངས་པའི་བུད་མེད་ཅིག་ལ་སྤྱན་སྦྱིན་ཚུལ་སོགས་སྦྱིན་ཡུལ་དང་། སྦྱིན་པའི་དུས། སྦྱིན་པའི་དགོས་དམིགས་སོགས་ལ་མི་མཐུན་པ་ཤིན་ཏུ་མང་། དེ་ལྟར་སྤྱན་འབྲས་སྦྱིན་གཏོང་མཛད་དགོས་པའི་རྒྱུ་རྐྱེན་ནི། ནཱལནྡཱ་ཞིབ་འཇུག་ལས[9]། ཨརྱ་དེ་བས་རྩོད་པ་བྱེད་སྐབས་སློབ་དཔོན་ལ་ལྷམ་གྱིས་འཁོར་གསུམ་ཞིག་བསྐོར་བར་སློབ་དཔོན་གྱིས་མུ་སྟེགས་པ་འདུལ་ཐུབ་པ་འདུག་སྟེ། རྟེན་འབྲེལ་ཅུང་མ་ལེགས་བར་ཆད་འོངས་གསུངས། དེའི་དོན་ནི་མགོན་པོ་ཀླུ་སྒྲུབ་ནི་ཨརྱ་དེ་བ་རང་ཉིད་ཀྱི་སློབ་དཔོན་ཡིན་སྟབས་སློབ་དཔོན་གྱི་དབུར་རང་གི་ལྷམ་གཡུགས་པའི་རྣམ་སྨིན་གྱིས་སྤྱན་ཡ་གཅིག་མེད་པར་ཆགས་པ་ཡིན་ཚུལ་གླེང་ཡང་། གཏམ་རྒྱུད་འདི་བོད་ལ་གྲགས་པ་ཙམ་ལས། རྒྱ་གར་དུ་དེ་བཞིན་ཡོད་ཚོད་མི་སྣང་། འཕགས་པ་ཡབ་སྲས་ཀྱིས་རྩོད་པ་བྱས་ནས་འདུལ་དུ་ཕེབས་སའི་གནས་ནཱལཱནྡཱ་མིན་པར་ཨ་ཤོ་ཀའི་ཡུལ་ཏེ་དེང་སང་པཊ་ཎར་འབོད་པ་འདི་དང་ཐག་ཉེ་བའི་གཎྜིའི་སྒྲ་ཟེར་བའི་དགོན་པ་ཡིན་ཚུལ་ཐང་སན་ལམ་ཡིག་[10]ཏུ་གསུངས་ཡོད། ཅེས་གསལ་བ་ལྟར་ཐང་སན་ལམ་ཡིག་ཏུ་གསལ་བ་ཞིབ་ཕྲ་གཤམ་དུ་བཀོད་ཡོད་ལ། དེ་ལྟར་སློབ་དཔོན་ཨཱརྱ་དེ་ཝ་སྤྱན་གཅིག་ཏུ་གྱུར་པའི་དུས་དང་། སྤྱན་གཅིག་ཏུ་གྱུར་པའི་རྒྱུ་རྐྱེན་གྱི་བྱུང་རབས་ཐ་དད་པ་གསུམ་བྱུང་བ་གོང་གསལ་ལྟར་ལགས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༨༦༥
[2] གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༣༢
[3] ཨརྱ་དེ་བའི་བྱུང་བ་བརྗོད་པ། ཀུ་མ་ར་ཛི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞིས་བོད་ཡིག་ཏུ་བསྒྱུར། སྦྲང་ཆར། ༢༠༠༥།༤ ཤོག་ ༡༣༦
[4] ནཱལནྡཱ་ཞིབ་འཇུག །སྐྱེས་གསར་ཀླུ་སྒྲུབ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༢ ལོ། ཤོག་གྲངས་ ༡༦༧
[5] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༡༠
[6] མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༤༧
[7] ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་གྲངས་ ༥༩
[8] བསྟན་འཛིན་རྒྱ་མཚོའི་ཞལ་ལུང་། བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་། ༢༠༠༨ ལོ། ཤོག་གྲངས་ ༦༠
[9] ནཱལནྡཱ་ཞིབ་འཇུག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༦༦
[10] ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༩༡
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༧༣ ནས་ ༧༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།