རྒྱལ་སྲས་འཕགས་པ་ལྷའི་གསུང་གི་དཀར་ཆག ཅ༽ བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ།

ཅ༽ བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ།

 

སློབ་དཔོན་འཕགས་པ་ལྷའི་བསྟན་བཅོས་ལེགས་སྦྱར་སོགས་ནས་བོད་སྐད་དུ་བསྒྱུར་ཟིན་ནའང་མ་ཡིག་རྙེད་སོན་མ་བྱུང་བ་ནི། གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[1]། ༡༽ འཕགས་པ་ལྷས་མཛད་པའི་མུ་སྟེགས་པ་དང་ཐེག་དམན་གྱི་རྒྱུད་བཞི་འགོག་པ་དང་། ༢༽ དེ་དག་གི་མྱང་འདས་སུན་འབྱིན་པ། (གཉིས་ཀ་བོད་མ་ཡོད་གསུངས།) ༣༽ ཡང་རྟེན་འབྲེལ་གྱི་རྒྱུ་རྐྱེན་གཅིག །

༤༽ རྒྱུད་རྡོ་རྗེ་རྩེ་མོ་ལས་བྱུང་བ་སེམས་བསྐྱེད་པའི་ཐབས། ཞེས་གསལ་ནའང་། གསུང་བཟང་འདི་དག་བོད་མ་ཡོད་འདུག་ཀྱང་མ་ཡིག་རྙེད་སོན་མ་བྱུང་བས་མ་འོངས་པར་ཐབས་འཚོལ་གྱིས་རྙེད་སོན་བྱུང་མཚམས་ཞལ་སྐོང་ཞུ་དགོས་སོ།།

འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་འཁོར་ལོ་སྡོམ་པའི་ཆོས་ཀྱི་བྱུང་ཚུལ་རྡོ་རྗེ་འཛིན་པའི་དགའ་སྟོན་ལས[2]། ༥༽ སློབ་དཔོན་ཨཱརྱ་དེ་ཝས་མཛད་པའི་རྡོ་རྗེ་མཁའ་འགྲོའི་བསྡུས་དོན་གྱི་འགྲེལ་པ། ཞེས་དང་། ཡང་དེ་ཉིད་ལས[3]། སློབ་དཔོན་ཨཱརྱ་དེ་ཝས་མཛད་པའི་རྡོ་རྗེ་མཁའ་འགྲོའི་བསྡུས་དོན་གྱི་འགྲེལ་པ་ཕར་ཕྱིན་གྱི་འགྲེལ་པ་རྣམས་ལོ་ཙཱ་བ་འདིས་བསྒྱུར་ཞེས་བུ་སྟོན་ཆོས་འབྱུང་སོགས་སུ་མི་འདུག་ཀྱང་། བོད་དུ་འགྱུར་ངེས་སུ་འདུག་པས། དེས་ན་འཁོར་ལོ་སྡོམ་པའི་ཆོས་སྐོར་གྱི་བསྟན་བཅོས་རྒྱ་གཞུང་རྩོད་མེད་བརྒྱ་དང་བཞི་བཅུ་རྩ་གཅིག་གོ །ཞེས་བྱུང་བ་ལྟར། བསྟན་བཅོས་འདི་ཡང་མ་རྙེད་དོ།།

གཞན་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[4]། ༦༽ ཨཱརྱ་དེ་ཝའི་སྤྱན་རས་གཟིགས་སྒྱུ་འཕྲུལ་དྲ་བའི་སྒྲུབ་ཐབས་སོགས་ཆེས་མང་པོ་འབྲོམ་དང་ལོ་ཙཱ་བས་བསྒྱུར། ཞེས་གསལ་བས་ཕྱག་དཔེ་འདི་ཉིད་བསྟན་འགྱུར་དུ་མ་བཞུགས་ཤིང་མ་དཔེ་མ་རྙེད་པས། མ་འོངས་པར་ལག་སོན་བྱུང་ཚེ་ཞལ་སྐོང་ཞུ་དགོས་སོ།།

གཞན་ཡང་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་བྱ་རོག་མ་བསྟན་བསྲུང་གི་སྐོར་གྱི་ཆོས་ཚན་ཐོ་ཡིག་གསེར་གྱི་ཐུར་མ་ལས[5]། ༧༽ བྱ་རོག་ཅན་གྱི་ནང་སྒྲུབ་ཅེས་བྱ་བ་སློབ་དཔོན་ཨཱརྱ་དེ་ཝས་མཛད་པ། ཞེས་དང་། ཡང་དེ་ཉིད་ལས[6]། ༨༽ སུམ་དྲིལ་རྒྱན་ཅན་ཞེས་བྱ་བའི་གསང་སྒྲུབ་སློབ་དཔོན་འཕགས་པ་ལྷས་མཛད་པ། ཞེས་དང་། དེ་བཞིན་དེ་ཉིད་ལས[7]། ༩༽ ཐོད་ནག་གི་བསྙེན་པའི་གཞུང་ལས་ཀྱི་ནག་པོ་ཆེན་པོའི་སྒྲུབ་པ་ཞེས་བྱ་བ་དང་། ༡༠༽ ལས་ཀྱི་སྦྱོར་བ་གཉིས་ཨཱརྱ་དེ་ཝས་མཛད་པ། ཕྱི་མ་འདི་ལ་ཙ་མིའི་ལས་སྦྱོར་ཆེན་པོ་ཟེར་ཕྱི་རབས་པ་འདོད་པ་ནོར་བ་ཡིན། ལས་ཀྱི་སྦྱོར་བ་ཆེན་པོ་ངེས་པ་དྲུག་གི་གཏན་ལ་ཕབ་པ་ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་པས་མཛད་པ། ངེས་དྲུག་མ་གཞན་འདིས་ཟོང་མར་བཏང༌། ཞེས་བྱུང་བ་ལྟར་བསྟན་བཅོས་བཅུ་པོ་རྣམས་ཀྱི་མ་ཡིག་ལག་ཏུ་མ་སོན་པས་མ་འོངས་པར་རྙེད་སོན་བྱུང་ཚེ་ཁ་སྐོང་ཞུ་དགོས་སོ།།

མདོར་ན། སློབ་དཔོན་ཨཱརྱ་དེ་ཝས་མཛད་པའི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་ ༣༣ དང་། རྒྱའི་སྐད་ནས་བོད་བསྒྱུར་ཞུ་རྒྱུའི་བསྟན་བཅོས་གྲངས་ ༥ བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ་གྲངས་ ༡༠ བཅས་ཁྱོན་བསྟན་བཅོས་ ༤༨ ལྗགས་རྩོམ་མཛད་པ་ལས་ད་ལན་འདིར་བོད་ཡིག་ཐོག་བསྟན་བཅོས་ཁག་ ༣༣ བཞུགས་པ་རྣམས་ཕྱོགས་བསྒྲིགས་ཞུས་ཡོད་པ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༣

[2] ཆོས་ཀྱི་གྲགས་པའི་གསུང་འབུམ། པོད། ༼ཏ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༣༠ན༦

[3] ཆོས་ཀྱི་གྲགས་པའི་གསུང་འབུམ། པོད། ༼ཏ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༣༠བ༦

[4] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༦༩༥

[5] པདྨ་དཀར་པོའི་གསུང་འབུམ། པོད། ༼ཚ༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༣ན༡

[6] པདྨ་དཀར་པོའི་གསུང་འབུམ། པོད། ༼ཚ༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༦ན༡

[7] འབྲུག་པའི་ཆོས་མཛོད་ཆེན་པོ་བསམ་འཕེལ་ནོར་བུའི་བང་མཛོད། ༼༢༢༽ ཤིང་དཔར། ཤོག་གྲངས་ ༢༨༥ན

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༢༥ ནས་ ༤༢༧ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *