ང༽ འཕགས་པ་ཐོགས་མེད་དུས་ནམ་ཞིག་ལ་བྱོན་མིན།

ང༽ འཕགས་པ་ཐོགས་མེད་དུས་ནམ་ཞིག་ལ་བྱོན་མིན།

 

དེ་ཡང་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) ཀྱིས་མཛད་པའི་འཛམ་གླིང་མཁས་པའི་རྒྱན་དྲུག་ལ་བསྟོད་པ་ལས[1]།

མཁྱེན་པའི་དཀྱིལ་འཁོར་ལེགས་བཤད་འོད་སྟོང་ཅན། །རབ་འབྱམས་ཤེས་བྱའི་མཁའ་ལ་རབ་འཕགས་ཤིང༌། །

བདེ་གཤེགས་གསུང་རབ་ཉིན་མོར་བྱེད་པའི་དཔལ། །འཕགས་པ་ཐོགས་མེད་ཞབས་ལ་ཕྱག་འཚལ་ལོ། །

ཞེས་བསྟོད་ཕྱག་མཛད་ཡུལ་གྱི་འཕགས་པ་ཐོགས་མེད་དུས་ནམ་ཞིག་ལ་སྐུ་འཁྲུངས་མིན་ནི། སྟག་ཚང་རྫོང་པ་དཔལ་འབྱོར་རྒྱ་མཚོས་ (དུས་རབས་15པ།) མཛད་པའི་རྒྱ་བོད་ཡིག་ཚང་ཆེན་མོ་ལས[2]། དེ་རྟིང་སངས་རྒྱས་འདས་ནས་ལོ་སྟོང་ལ་ཉེ་བ་ན། འཕགས་པ་ཐོགས་མེད་ཀྱིས་ཆོས་འཁོར་མཐའ་མ་གཏན་ལ་འབེབས་པ་མངོན་པའི་བསྟན་བཅོས་བརྩམས། ཞེས་གསུངས་པ་ལྟར་སྟོན་པ་འདས་ནས་ལོ་སྟོང་ལ་ཉེ་བ་ན་འཕགས་པ་ཐོགས་མེད་བྱོན་པར་གསུངས་སོ།།

དེ་བཞིན་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་ (1143-1217) ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ལས[3]།

སྟོན་པ་མྱ་ངན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལྷག་ཙམ་ན། །

སློབ་དཔོན་ཆེན་པོ་ཐོགས་མེད་བྱུང༌། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །

ཞེས་གསུངས་པ་ལྟར། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས་[4]ཀྱང་། དེ་ནས་འདས་ལོ་ནས་ལོ་དགུ་བརྒྱ་ལོན་པ་ས་ཕོ་བྱི་བའི་ལོར་ (ཕྱི་ལོའི་སྔོན་གྱི་ལོ་ 1233) བྲམ་ཟེ་མ་གསལ་བའི་ཚུལ་ཁྲིམས་ཞེས་པས། རྒྱལ་རིགས་དང་འདུས་པ་ལས་འཕགས་པ་ཐོགས་མེད་སྐུ་བལྟམས་ཏེ། ལོ་བཅུ་གཉིས་སུ་བྱམས་པ་བསྒྲུབས་པས། ཆོས་རྒྱུན་ཏིང་ངེ་འཛིན་ལས་བྱམས་པ་སྤྲུལ་པའི་སྐུའི་ཞལ་མཐོང་སྟེ། དགའ་ལྡན་དུ་ཞལ་གྱི་བདུད་རྩི་ངོམས་པར་འཐུང་། ཞེས་དང་། ཡང་དེ་ཉིད་ལས། དེས་ན་ཐོགས་མེད་བྱོན་པའི་ས་ཕོ་བྱི་བ་ནས་ཉིས་སྟོང་བདུན་བརྒྱ་གོ་བདུན་འདས་པའི་གོ་བརྒྱད་པ་ནི་ད་ལྟའི་ཤིང་ཕོ་བྱི་ལོ་འདིའོ། །འདིས་ལོ་བརྒྱ་དང་ལྔ་བཅུ་བཞུགས་སོ། །ཞེས་བྱུང་ངོ་།།

དེ་བཞིན་ལོ་ཆེན་གཞོན་ནུ་སྲོག་ (344-413) གིས་མཛད་པའི་རྒྱའི་ཡི་གེ་ལས་བོད་བསྒྱུར་ཞུས་པའི་འཕགས་པ་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་བྱུང་བ་བརྗོད་པ་ལས[5]། ཕྱི་ལོ་དུས་རབས་ལྔ་པའི་དཀྱིལ་ཙམ་ལ་ཐེག་ཆེན་ལ་མཛད་རྗེས་ཆེན་པོ་བཞག་པའི་སྐྱེས་བུ་ཆེན་པོ་སྤུན་གཉིས་བྱུང་སྟེ། ཞེས་གསལ་བ་ལྟར་ཐོགས་མེད་སྐུ་མཆེད་གཉིས་དུས་རབས་ལྔ་པའི་དཀྱིལ་དུ་སྐུ་འཁྲུངས་པར་གསུངས་ལ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[6]། ལྕགས་འབྲུག་ཕྱི་ལོ་ ༢༠ ལོ་འདིར་འཕགས་པ་ཐོགས་མེད་སྐུ་འཁྲུངས་པར་ཕུག་ལུགས་པ་རྣམས་ནས་བཞེད། ཅེས་དང་། ཡང་དེ་ཉིད་ལས[7]། མེ་སྦྲུལ། ཕྱི་ལོ་ ༣༥༧ གནས་བརྟན་སྡེ་པ་ལྟར་ན་ཐོགས་མེད་འཁྲུངས། སྟོན་པ་འདས་ནས་ལོ་ ༩༠༠ ཞེས་དང་། འབྲི་གུང་རྭ་སེ་དཀོན་མཆོག་རྒྱ་མཚོས་བརྩམས་པའི་འབྲི་གུང་ཆོས་འབྱུང་ལས་[8]ཀྱང་། དམར་སེར་ཞེས་པ་མེ་ཁམས་འཁྱུག་འགྲོའི་ (ཕྱི་ལོ་ 357) ལོར་ཐོགས་མེད་འཁྲུངས།  དགུང་ལོ་ ༡༥༠ ལོན་པའི་སྐབས་སྟོན་པ་འདས་ནས་ལོ་ཆིག་སྟོང་དང་ལྔ་བཅུ་པ་མི་ཟད་ཅེས་པ་མེ་ཁམས་ནོར་སྲུང་གི་ལོར་ (ཕྱི་ལོ་ 506) ལོར་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་སྐུ་གཤེགས་ཞེས་གསལ་བ་ལྟར་འཕགས་པ་ཐོགས་མེད་ནི། སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་སྐུ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་དང་། དགུ་བརྒྱ་ལྷག་ཙམ་དང་། ལོ་སྟོང་དང་། ཕྱི་ལོའི་དུས་རབས་ལྔ་པའི་དུས་དཀྱིལ། ཕྱི་ལོ་ ༢༠ ལོར་སྐུ་འཁྲུངས་པ་སོགས་བཞེད་ལུགས་མི་མཐུན་པ་ཤིན་ཏུ་མང་ངོ་།།

བསྟན་རྩིས་ཀ་ཕྲེང་ལག་དེབ་ལས[9]། འཕགས་པ་ཐོགས་མེད་འཁྲུངས་ལོ། 1. ལྕགས་འབྲུག་ (ཕྱི་ལོ་ 20) ལོར་འཁྲུངས། སྟོན་པ་འདས་ནས་ལོ་དགུ་བརྒྱའི་ལུང་བསྟན་ལྟར་ནའོ། །(ལོ་རིལ་པོའི་རྩིས། འདི་ཆེས་ཐལ།) 2. མེ་སྦྲུལ་ (ཕྱི་ལོ་ 357) ལོར་འཁྲུངས། (གནས་བརྟན་སྡེ་པ་ལྟར་ན། སྟོན་པ་འདས་ནས་ལོ་དགུ་བརྒྱ།) 3. དེང་དུས་རྒྱའི་ལོ་རྒྱུས་སྨྲ་བ་རྣམས་ཕལ་ཆེར་དུས་རབས་ལྔ་པའི་དུས་འགོ་ཙམ་དུ་འཁྲུངས་པར་བཤད། ཅེས་ཀྱང་གསལ་ལོ།།

ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ལ་བསྟོད་པ་དད་གུས་རིན་ཆེན་འདྲེན་པའི་ཤིང་རྟ་ལས[10]།

སྟོན་པའི་ཉིན་བྱེད་ཞིང་གཞན་གཤེགས་ནས་ལོ་སྟོང་ཉེར་སོང་སྐབས། །

ཆོས་མངོན་བསྟན་པར་དགྲ་ལན་གསུམ་བྱུང་ཉམས་ནི་དམས་གྱུར་ཚེ། །

བསྟན་དར་སྨོན་ལམ་མཐུ་གྲུབ་བྲམ་ཟེའི་བུ་མོ་གསལ་ཚུལ་ལ། །

རྒྱལ་རིགས་དང་འདུས་སྲས་སུ་བསམ་བཞིན་འཁྲུངས་ལ་གསོལ་བ་འདེབས། །

ཞེས་སྟོན་པ་འདས་ནས་ལོ་སྟོང་ལ་ཉེ་བའི་སྐབས་བྱོན་པར་གསུངས་ལ། དོན་དངོས་སུ་ཐོགས་མེད་སྐུ་མཆེད་རྣམ་གཉིས་གནས་བརྟན་སྡེ་པའི་ལུགས་ (༩༤༤) ལྟར་ན་སྟོན་པ་སྐུ་གཤེགས་ནས་ལོ་དགུ་བརྒྱ་ཞེ་བཞིའི་རྗེས་དང་། ཕྱི་ལོའི་གོང་གི་ལོ་ ༤༨༧ འདས་ལོར་བརྩིས་པའི་འདས་རྗེས་ཀྱི་བགྲང་བྱ་ ༨༨༧ དང་། ཕྱི་ལོ་ ༤༠༠ མ་ཟིན་ཙམ་ལ་བྱོན་པར་འདོད་པ་ཡིན་མོད། ཉི་ཧོང་གི་མཁས་པ་ཁ་ཅི་ཡ་མ་ཡུའུ་ཨི་ཆིས་ཟེར་བས་བརྩམས་པའི་རྒྱ་གར་གྱི་གཏན་ཚིགས་རིག་པའི་རྩ་བའི་ངོ་བོ་ཞེས་པའི་ནང་། དབྱིག་གཉེན་ཕྱི་ལོ་ ༣༢༠ ནས་ ༤༠༠ བར་བྱུང་ཚུལ་བྲིས་ཡོད་ལ། ལ་ལས་ཕྱི་ལོ་ ༣༡༠ ནས་ ༣༩༠ བར་བྱོན་པར་འདོད་པ་དེ་དག་ལ་བསམས་ན། འཕགས་པ་ཐོགས་མེད་ནི་དབྱིག་གཉེན་གྱི་གཅེན་པོ་ཡིན་པས་ཕྱི་ལོའི་དུས་རབས་བཞི་པའི་ནང་བྱུང་བ་ཞིག་ཡིན་དགོས་པས་ན། དཔྱད་གཞི་ཤིན་ཏུ་གལ་ཆེའོ།།

འོན་ཀྱང་གོང་བཀོད་ཐོགས་མེད་སྐུ་མཆེད་ཀྱི་རྣམ་ཐར་སྔ་ཤོས་སུ་གྲགས་པའི་ལོ་ཆེན་གཞོན་ནུ་སྲོག་གིས་མཛད་པའི་རྒྱའི་ཡི་གེ་ལས་ཨ་ལགས་དོར་ཞིས་བསྒྱུར་བ་ལས། ཕྱི་ལོ་དུས་རབས་ལྔ་པའི་དཀྱིལ་ཙམ་ལ་ཐེག་ཆེན་ལ་མཛད་རྗེས་ཆེན་པོ་བཞག་པའི་སྐྱེས་བུ་ཆེན་པོ་སྤུན་གཉིས་བྱུང་སྟེ། ཞེས་བྱུང་བ་ལའང་དཔྱད་པར་བྱ་བའི་གཞི་གཉིས་ཏེ། དུས་རབས་ལྔ་པའི་དུས་དཀྱིལ་ནི། ཕྱི་ལོ་ ༤༥༠ འདི་ཙམ་ལ་འཁེལ་ཞིང་། རྣམ་ཐར་མཛད་པ་པོ་དེ་ཉིད་ཕྱི་ལོ་ ༤༡༣ ལོར་འདས་པར་གཞུང་མང་པོར་བྱུང་བ་དང་འགལ་ཞིང་། ཕྱི་ལོ་ ༣༨༡ ཡས་མས་སུ་ལོ་ཆེན་གཞོན་ནུ་སྲོག་རྒྱ་གར་འཕགས་ཡུལ་དུ་བཞུགས་སྐབས། འཕགས་པ་ཐོགས་མེད་དགུང་ལོ་བགྲེས་ཚུལ་ལོ་རྒྱུས་སུ་བྱུང་བ་སྟེ། དེ་ཡང་ལི་ཡུལ་གྱི་སློབ་དཔོན་ཀུ་མ་ར་ཇི་བ་ཕྱི་ལོ་ ༣༨༢ ལོར་རྒྱ་གར་འཕགས་ཡུལ་ནས་ལི་ཡུལ་དུ་ཕྱིར་ཕེབས་ཤིང་། ཕྱི་ལོ་ ༣༨༥ ལོར་ལི་ཡུལ་ནས་རྒྱ་ནག་ལང་ཀྲུའུ་རུ་གདན་དྲངས། དེ་རྗེས་ཕྱི་ལོ་ ༤༠༡ ལོར་སྐབས་དེའི་རྒྱ་ནག་གི་རྒྱལ་ས་ཤིས་ཨན་དུ་ཕེབས་པ་སོགས་རྣམ་ཐར་དུ་གསལ་བ་ལྟར། ཕྱི་ལོ་ ༣༨༢ ལོར་ཀུ་མ་ར་ཇི་བ་རྒྱ་གར་འཕགས་ཡུལ་དང་ཞལ་གྱེས་སྐབས་འཕགས་པ་ཐོགས་མེད་དགུང་ལོ་ཧ་ཅང་མཐོན་པོར་ཕེབས་པ་དངོས་བདེན་ཡིན་ཚེ། འཕགས་པ་ཐོགས་མེད་དུས་རབས་ལྔ་པའི་དུས་དཀྱིལ་དུ་སྐུ་འཁྲུངས་པ་ཞིག་ཡིན་དཀའ་བར་འགྱུར། གལ་ཏེ་འཕགས་ཐོགས་མེད་དུས་རབས་ལྔ་པའི་དུས་དཀྱིལ་དུ་སྐུ་འཁྲུངས་པ་ཞིག་ཡིན་ཚེ། ཀུ་མ་ར་ཇི་བ་སྐུ་གཤེགས་ནས་ལོ་ངོ་ཉི་ཤུ་ཙམ་གྱི་རྗེས་སུ་གཞི་ནས་འཕགས་པ་ཐོགས་མེད་སྐུ་འཁྲུངས་དགོས་པར་འགྱུར་ལ། དེ་ལྟར་ན་ཐོགས་མེད་སྐུ་མཆེད་རྣམ་གཉིས་དུས་རབས་བཞི་པའི་ནང་དུ་འཁྲུངས་པ་ཤིན་ཏུ་གསལ་ལ། ཐུབ་བསྟན་མཆོག་སྒྲུབ་ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[11]། འཕགས་པ་ཐོགས་མེད་ནི་ཕྱི་ལོ་ ༣༣༠ ནས་ ༣༥༠ གཉིས་ཀྱི་བར་ཙམ་དུ་འཁྲུངས་པ་ཡིན་ལ། ཁོང་ནི་རྒྱ་གར་བྱང་ཕྱོགས་ཀྱི་རྒྱལ་པོ་རྒྱ་མཚོ་སྦས་པའི་དུས་སུ་ཕེབས་ཤིང་། ལྷོ་ཕྱོགས་སུ་བདེན་པའི་ཞོན་པའི་རྒྱལ་སྲིད་ཉམས་ནས་རྒྱལ་ཕྲན་ཆུང་ཁག་ཚོས་བསྐྱངས་པའི་སྐབས་ཡིན་ཚོད། ཅེས་གསུངས་སོ།།

གཞན་ཡང་ཉི་ཧོང་གི་མཁས་པ་ཨུ་ཨིས[12]། བྱམས་པ་མགོན་པོ་ (270-350 A.D.) འཕགས་པ་ཐོགས་མེད། (310-390 A.D.) སློབ་དཔོན་དབྱིག་གཉེན། (310-400 A.D.) བཅས་ཀྱི་འཁྲུངས་འདས་སོ་སོར་གཏན་འབེབས་གནང་འདུག་པ་འདི་བཞིན་ཕྱི་ལོ་ ༤༡༤ ནས་ ༤༢༡ ཡང་ན་ ༤༢༦ བར་ལ་ལོ་ཆེན་ཆོས་བདེས་བསྒྱུར་བའི་བྱང་ས་བམ་པོ་བཅུ་པའི་མཛད་པོ་བྱམས་པ་མགོན་པོ་ཡིན་པའི་དབང་དུ་བཏང་ན་དུས་རབས་འདི་བཞིན་མི་འཚམ་མི་འདུག་རུང་། འོན་ཀྱང་སློབ་དཔོན་ཕྱོགས་གླང་གི་དུས་རབས་ཉམས་ཞིབ་བྱས་པའི་འབྲས་བུར་སློབ་དཔོན་འདི་ཕྱི་ལོ་ ༤༨༠ ནས་ ༥༤༠ བར་ལ་གནས་པར་གསལ་པོ་ཆགས་ལ[13]། སློབ་དཔོན་དེ་གཉིས་གྱི་བར་ཐག་དེ་ཙམ་མེད་པས་ན། དབྱིག་གཉེན་ཕྱི་ལོ་ ༤༠༠ ནས་ ༤༨༠ བར་ལ་འཇོག་རྒྱུ་འདི་འཚམ་པ་ཡིན། རྒྱུ་མཚན་གཞན་ཡང་སློབ་དཔོན་དབྱིག་གཉེན་གྱི་ལེགས་བཤད་རྣམས་ཕྱི་ལོ་ ༥༠༨ ལོར་རྒྱ་ནག་ཏུ་ཞབས་སོར་འཁོད་པའི་ལོ་ཙཱ་བ་བྱང་ཆུབ་སྲེད་པ་སོགས་ཀྱིས་བསྒྱུར་ཡོད་ཅིང་དེ་དག་གུང་བསྒྲིགས་ནའང་དེ་ལྟར་གནས་ཐུབ་པར་མ་ཟད། སློབ་དཔོན་ཆོས་སྐྱོང་སོགས་ཀྱི་དུས་ཚིགས་དང་གུང་བསྒྲིགས་ནའང་དེ་ལྟར་གནས་ཐུབ། དེ་ཡང་སྙན་གྲགས་ཅན་གྱི་ཧྱན་ཙང་གི་རྒྱ་གར་ལམ་ཡིག་ཏུ་ལོ་ཆེན་ཧྱན་ཙང་ཕྱི་ལོ་ ༦༣༣ ལོར་གཙུག་ལག་སློབ་གྲྭ་ཆེན་པོ་ནཱ་ལན་དཱ་ལ་ཕེབས་ནས་སློབ་དཔོན་ངང་ཚུལ་བཟང་པོ་ (Silabhadra) ཞུ་བ་དགུང་ལོ་བརྒྱ་དང་དྲུག་ཅུར་ཕེབས་པ་ཞིག་དང་མཇལ་ཞིང་། སློབ་དཔོན་ཆོས་སྐྱོང་ (530-561) [14] ད     གུང་དྲངས་ཉི་ཤུ་རྩ་དགུར་ཕེབས་སྐབས་སློབ་དཔོན་ངང་ཚུལ་བཟང་པོ་རྒྱལ་ཚབ་ཏུ་དབང་བསྐུར་ཏེ་སྒྲུབ་པར་གཤེགས་ཤིང་། སྐབས་དེར་ངང་ཚུལ་བཟང་པོ་དགུང་ལོ་སུམ་ཅུར་ཕེབས་པ་དང་། དེ་ནས་སློབ་དཔོན་ཆོས་སྐྱོང་དགུང་ལོ་སོ་གཉིས་པར་ཞི་བར་གཤེགས་པར་གསལ། སློབ་དཔོན་ཆོས་སྐྱོང་གིས་མཛད་པའི་ཕྱོགས་གླང་གི་དམིགས་བརྟགས་འགྲེལ་པ་ཡོད་པས་ཕྱོགས་གླང་ཡང་དེའི་གོང་རོལ་ཏུ་བྱོན་པར་ཤེས་ནུས། ཕྱོགས་མཚུངས་སློབ་དཔོན་བློ་གྲོས་བརྟན་པའི་དུས་ཚིགས་ཕྱི་ལོ་ (510-570) བར་ངེས་པ་བྷ་ལ་བྷིའི་རྒྱལ་པོ་གུ་ཧ་སེ་ནས་ (King Guhasena of Valabhi, ruled from 558 to 566 A.D.) [15] སློབ་དཔོན་བློ་བརྟན་ལ་དགོན་པ་བཞེངས་པར་བརྐོས་ཡིག་ཏུ་གསལ་བ་ལ་བརྟེན་ནས་ཤེས་ནུས། སློབ་དཔོན་དེ་གཉིས་རྒྱ་ནག་དབྱིག་གཉེན་གྱི་དངོས་སློབ་མ་ཡིན་རུང་ལྟ་གྲུབ་གཅིག་པའི་རྒྱུད་འཛིན་ཆེན་པོ་ཡིན་པ་དང་དུས་རབས་ཀྱང་བར་ཐག་དེ་ཙམ་མེད་པས་དེ་ལ་བརྟེན་ནས་ཀྱང་གོང་གི་དེ་མི་འོས་པ་མེད[16]། ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ (1813-1890/1899) ཤེས་བྱ་ཀུན་ཁྱབ་ལས[17]།

ལཱུ་དྲིལ་ནག་གསུམ་བདེ་མཆོག་སྲོལ་འབྱེད་དེ། །

སློབ་དཔོན་ལཱུ་དྲིལ་ནག་གསུམ་གྱིས་དཔལ་འཁོར་ལོ་བདེ་མཆོག་གི་ཤིང་རྟའི་སྲོལ་ཐོག་མར་འབྱེད་པ་སྟེ། དེའང་སློབ་དཔོན་ཐོགས་མེད་ཞབས་དང་བོད་ཀྱི་རྒྱལ་པོ་ཐོ་རི་གཉན་བཙན་ (373-493) དང་རགས་པར་དུས་མཚུངས་པ་ཙམ་ལ་སློབ་དཔོན་ལཱུ་ཡི་པ་བྱོན། ཞེས་དང་། ཡོངས་འཛིན་དམ་པ་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་དཔལ་བཟང་པོས་ (1745-1800) མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་ལས[18]། སྐུ་མཆེད་འདི་གཉིས་ནི་དོན་ལ་ས་ལམ་མཐོན་པོར་གཤེགས་པ་སོགས་ངོ་མཚར་བའི་རྣམ་པར་ཐར་པ་བསམ་ལས་འདས་སོ། །རགས་རྩིས་ལ་སྐུ་མཆེད་འདི་གཉིས་ཀྱི་སྐུའི་སྨད་ཙམ་ལ་བོད་དུ་རྒྱལ་པོ་ལྷ་ཐོ་ཐོ་རི་བྱོན་ཏེ་སངས་རྒྱས་ཀྱི་བསྟན་པའི་ཐོག་མའི་དབུ་ཚུགས་སོ། །ཞེས་གསུངས་པ་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ (1653-1705) མཛད་པའི་༸རྒྱལ་དབང་ལྔ་པའི་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ཏུའང་། ལོ་ཆེན་གཞོན་ནུ་དཔལ་ནི་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཡིན་ཚུལ་གསལ་བ་དང་། གཞན་ཡང་རིག་འཛིན་འཇིགས་མེད་གླིང་པའི་གཏམ་ཚོགས་དང་། རྗེ་བཙུན་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་དུའང་དབྱིག་གཉེན་དང་ལྷ་ཐོ་ཐོ་རི་དུས་མཉམ་པར་གསལ་བ་ལྟར་ན། ཐོགས་མེད་སྐུ་མཆེད་ཀྱི་དུས་རབས་ཕྱི་ལོ་ ༣༠༠ ནས་ ༤༠༠ བར་བྱོན་པར་འདོད་ན་ཅུང་ཟད་བདེ་སྙམ།

དེ་ཡང་ལོ་ཆེན་གཞོན་ནུ་དཔལ་གྱིས་མཛད་པའི་ཐོགས་མེད་སྐུ་མཆེད་ཀྱི་རྣམ་ཐར་ལས་སྟོན་པ་འདས་ནས་ལོ་དགུ་བརྒྱ་ལོན་པ་ན་དབྱིག་གཉེན་གྱིས་ཡང་དག་བདུན་ཅུ་པ། ཞེས་པའི་གཞུང་བརྩམས་ནས་གྲངས་ཅན་གྱི་གཞུང་ལུགས་རྣམས་སུན་འབྱིན་གནང་ཚུལ་གསལ་བ་དང་། གནས་བརྟན་པའི་ལུགས་ཀྱི་སྟོན་པའི་འདས་ལོ་ལྟར་ན། ཕྱི་ལོ་ ༣༥༦ ཙམ་ལ་ཐོགས་མེད་འཁྲུངས་དགོས་པ་དང་ཡང་མཐུན་ལ། འཇམ་དཔལ་རྩ་རྒྱུད་དུ། ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །ཞེས་པ། ཕྱེད་ལོ་ཡིན། དེ་ཡང་རབ་ཏུ་བྱུང་ནས་ཆོས་ཀྱིས་འཚོ་བའི་དབང་དུ་བྱས་པར་རྒྱ་གར་ཆོས་འབྱུང་དུ་བཤད།[19] ཅེས་བྱུང་བ་ལྟར་རོ།།

དེ་བཞིན་དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་ལས[20]།

མི་ཕམ་ཞལ་གཟིགས་ཆོས་རྒྱུན་ཏིང་འཛིན་བརྙེས། །དགའ་ལྡན་གནས་སུ་མན་ངག་ཀུན་གསན་ཏེ། །

གཟུང་འཛིན་གཉིས་མེད་ཤིང་རྟའི་སྲོལ་འབྱེད་པ། །འཕགས་པ་ཐོགས་མེད་ཞབས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་བོད་ཀྱི་གྲུབ་མཐའི་རྣམ་བཤད་ལས་[21]ཀྱང་། སེམས་ཙམ་པའི་གྲུབ་མཐའི་ལྟ་ཚུལ་ཐོག་མར་གསར་གཏོད་གནང་མཁན་ནི། སློབ་དཔོན་འཕགས་པ་ཐོགས་མེད་ཡིན་པས། སློབ་དཔོན་འདི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་གཉིས་ཀྱི་ནང་ཚན་གཅིག་ཏུ་བགྲང་སྲོལ་ཡོད། སློབ་དཔོན་འདི་དུས་སྐབས་གང་དུ་བྱུང་བ་བོད་ཡིག་གི་ལོ་རྒྱུས་ནང་གསལ་བ་མ་མཐོང་ཡང༌། སློབ་དཔོན་འདི་དང་སློབ་དཔོན་དབྱིག་གཉེན་གཉིས་ཡུམ་གཅིག་པའི་སྐུ་མཆེད་ཡིན་པ་དང་། སློབ་དཔོན་དབྱིན་གཉེན་དང་བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉིས་དུས་མཉམ་པར་ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པའི་རྒྱ་གར་ཆོས་འབྱུང་ནང་གསལ་ཞིང༌། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་གཉིས་དུས་མཉམ་པར་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་དེབ་ཐེར་དཀར་པོར་གསལ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་སློབ་མ་སློབ་དཔོན་དབང་ཕྱུག་སྡེ་ཡིན་པ་དང་། དེའི་སློབ་མ་སློབ་དཔོན་ཆོས་ཀྱི་གྲགས་པ་ཡིན་པ། སློབ་དཔོན་ཆོས་ཀྱི་གྲགས་པ་དང༌། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་གཉིས་དུས་མཉམ་པར་ཇོ་ནང་ཏཱ་ར་ནཱ་ཐས་རྒྱ་གར་ཆོས་འབྱུང་ལས་གསུངས་པ་བཅས་གུང་བསྒྲིགས་ན་སློབ་དཔོན་འཕགས་པ་ཐོགས་མེད་ནི། ཕྱི་ལོའི་དུས་རབས་བཞི་པ་ནས་ལྔ་པའི་མཇུག་བར་བྱུང་བ་ཡིན་ཚོད་འདུག །ཅེས་གསུངས་པ་ལྟར་ཡོངས་གྲགས་འཕགས་པ་ཐོགས་མེད་དུས་རབས་ལྔ་པའི་ནང་དུ་བྱོན་པར་བཞེད་དོ།།

གཞན་ཡང་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ལ་བསྟོད་པ་དད་གུས་རིན་ཆེན་འདྲེན་པའི་ཤིང་རྟ་ལས[22]།

བསྟན་འགྲོར་སྨན་པའི་ཐུགས་བཞེད་སྨིན་པའི་མཐུས། །བསྟན་འགྲོའི་དཔལ་དུ་ལོ་བརྒྱ་ལྔ་བཅུར་འཚོ། །

ཐེག་མཆོག་བསྟན་པ་ཆེས་ཆེར་དར་མཛད་དེ། །མི་ཕམ་མདུན་སར་གཤེགས་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། འཕགས་པ་ཐོགས་མེད་དུས་ནམ་ཞིག་མྱ་ངན་ལས་འདས་མིན་ལའང་བཞེད་པ་མི་མཐུན་པ་མང་སྟེ། དེ་ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[23]། ས་བྱ། ཕྱི་ལོ་ ༡༦༩ ཕུག་ལུགས་པ་རྣམས་ཀྱིས་འཕགས་པ་ཐོགས་མེད་དགུང་ལོ་བརྒྱ་དང་ལྔ་བཅུ་བཞུགས་པ་ལྟར་ན་ལོ་འདིར་སྐུ་གཤེགས་པར་བཞེད་ལ། ཇོ་ནང་ཏཱ་ར་ནཱ་ཐས་འདི་ཕྱེད་ལོའི་དབང་དུ་བྱས་པར་སུངས། ཡང་དེ་ཉིད་ལས[24]། མེ་ཁྱི། ཕྱི་ལོ་ ༥༠༦ གནས་བརྟན་སྡེ་པ་ལྟར་ན་ཐོགས་མེད་འདས། (དགུང་ལོ་ ༡༥༠) ཞེས་གསལ་བ་ལྟར་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་བསྟན་ལྟར་དགུང་ལོ་ ༡༥༠ འཚོ་གཞེས་ལ་དགོངས་པ་གཅིག་ཏུ་མཐུན་ནའང་འཁྲུངས་འདས་ལ་མི་མཐུན་པ་མང་ངོ་།།  །།

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1]  རེད་མདའ་བའི་བསྟོད་ཚོགས། ༼ང༽ ཐོར་བུ། འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༧བ༦

[2]  རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༦༠

[3]  འབྲི་གུང་སྐྱོབ་པའི་བཀའ་འབུམ། ༼ཀ༽ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ༢༠༡༠ ལོ། ཤོག་ ༦༨༥

[4]  བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣༨

[5]  ཀུ་མ་ར་ཇི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞིས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༥ ༼༣༽ ཤོག་ ༡༣༧

[6]  ལོ་ཚིགས་དྭངས་ཤེལ་མེ་ལོང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༢༡

[7]  ལོ་ཚིགས་དྭངས་ཤེལ་མེ་ལོང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༣༤

[8]  འབྲི་གུང་ཆོས་འབྱུང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༣༣

[9]  བསྟན་རྩིས་ཀ་ཕྲེང་ལག་དེབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༣༣༢

[10]  ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཐོགས་མེད་བསྟོད་པ། དཔེ་རིང་། ཤོག་ ༡ན༡

[11] རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༥

[12]  E. Frauwallner, Landmark in the History of Indian Logic, Wiener Zeitschift fur die Kunde Sud-und Ost-asiens V, 1961, s. 125-148.

[13]  E. Frauwallner, Landmarks in the History of Indian Logic, Wiener Zeitschift fur die Kunde Sud-und Ost-asiens V, 1961, s. 125-148.

[14] Hakuju Ui: Indotetsugakunkenkyu (Studies in Indian Philosophy), Tokyo, Koshisha, Vol. V, pp. 130-132.

[15]  འོད་སྲུང་ལེའུ་འགྲེལ་པའི་བོད་འགྱུར་འགྱུར་བྱང་དུ་སློབ་དཔོན་བློ་གྲོས་བརྟན་པས་མཛད་པར་གསལ་ཡང་། བྱང་ཆུབ་སྲེད་པས་ཕྱི་ལོ་ ༥༠༨ ལོར་རྒྱ་ནག་སྐད་དུ་བསྒྱུར་འདུག་པས་དུས་རབས་ཀྱི་ཆ་ནས་སློབ་དཔོན་བློ་གྲོས་བརྟན་པས་མཛད་མེད།

[16]  དེབ་ཐེར་སྔོན་པོ་གསར་མ། སྨད་ཆ། གངས་ལྗོངས་ནང་རིག་མཐུན་ཚོགས། ༢༠༠༧ ལོ། ཤོག་ ༡༧༦-༡༨༤ བར།

[17]  ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༢༡༡

[18]  འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་ཀྱི་གསུང་འབུམ། ༼ཀ༽ ཤིང་དཔར་དཔེ་རིང་། (ཇ) ཤོག་གྲངས་ ༡ན༡ ནས་ ༡༧བ༦

[19]  ལམ་རིམ་ཆེན་མོའི་བརྗེད་བྱང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤོག་གྲངས་ ༣༢

[20]  དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། ༼ཉ༽ བསྟོད་ཚོགས། དཔེ་རིང་ཤོག་ ༣༡ན༢ ནས་ ༣༡བ༦ བར།

[21]  བོད་ཀྱི་གྲུབ་མཐའི་རྣམ་བཤད། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༡ ལོ། ཤོག་གྲངས་ ༢༣༤

[22]  ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཐོགས་མེད་བསྟོད་པ། དཔེ་རིང་། ཤོག་ ༡ན༡

[23]  ལོ་ཚིགས་དྭངས་ཤེལ་མེ་ལོང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༢༦

[24]  ལོ་ཚིགས་དྭངས་ཤེལ་མེ་ལོང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༤༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༥༣ ནས་ ༤༦༣ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *