ངོས་རང་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་འཛིན་མཁན་ཞིག་ཆགས་ཡོད།

༄༅། །ངོས་རང་སྐྱེ་ས་མདོ་སྨད་ས་ཁུལ་དུ་སྐྱེས། དེ་ནས་ཡར་ལྷ་སར་སླེབས་ནས་དཔེ་ཆར་བལྟས། དགེ་བའི་བཤེས་གཉེན་བསམ་གྱིས་མི་ཁྱབ་པ་ཁོང་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་དཔེ་ཆ་གང་འཚམ་བལྟ་རྒྱུ་བྱུང་སྟེ་སློབ་གཉེར་ཡག་པོ་བྱས་པ་ཡིན། རིམ་པར་གྲྭ་སར་གྲྭ་སྐོར་བཞག་པའི་མཚམས་སུ་དུས་ཀྱི་འགྱུར་བའི་དབང་གིས་རྒྱ་གར་དུ་བཙན་བྱོལ་དུ་འབྱོར། རྒྱ་གར་དུ་འབྱོར་རྗེས་དེ་སྔ་བོད་དུ་དཔེ་ཆར་བལྟས་པ་དེས་ཕན་ཐོགས་རྒྱ་ཆེར་བྱུང་།
རྒྱ་གར་དུ་ནང་པ་ཙམ་མིན་པར། མུ་སྟེགས་པ་དང་ལྟ་གྲུབ་འདྲ་མིན་ཡོད་མཁན་མང་པོ་དང་མཉམ་དུ་གྲོས་བསྡུར་དང་བགྲོ་གླེང་བྱ་རྒྱུའི་ནུས་པ་དང་གོ་སྐབས་ཐོབ་སྟེ་ཧ་ཅང་ཡག་པོ་བྱུང་། མུ་སྟེགས་པའི་ཆོས་གྲོགས་ཚོ་དང་མཉམ་དུ་དངོས་སུ་གོ་བསྡུར་བྱས་པ་དེས་བོད་དུ་དཔེ་ཆ་རྐྱང་པར་བལྟས་པ་དང་མི་འདྲ་བའི་ཕན་ཐོགས་ཆེན་པོ་བྱུང་། དེ་དང་ཆབས་ཅིག་ཚན་རིག་པ་མང་པོ་ཞིག་ལའང་ཐུག་འཕྲད་ཡོང་གི་ཡོད་སྟབས། ཆུང་ཆུང་སྐབས་ནས་བསླབས་པའི་རིགས་ལམ་གྱི་འགྲོ་སྟངས་ཐོག་ནས་དཔྱད་པ་བྱ་ཡུལ་ནང་པ་གཅིག་པུ་མིན་པར། ཚན་རིག་པ་དང་མུ་སྟེགས་པ་སོགས་དང་མཉམ་དུ་རིགས་ལམ་གྱི་ཐོག་ནས་དཔྱད་པ་བྱ་རྒྱུའི་གོ་སྐབས་བྱུང་།
གཞུང་ལུགས་དེ་དག་སྦྱངས་ཏེ་ངོས་རང་སྤྱིར་ནང་པ་དང་། དེའི་ཁྲོད་ཤེས་ནས་དད་པ་ཐོབ་པའི་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་འཛིན་མཁན་ཞིག་ཆགས་བསྡད་ཡོད། དབུ་མ་རང་རྒྱུད་པའི་ཆོས་གྲོགས་ཤིག་དང་ཐུག་ན། ངོས་ནས་ཐལ་བ་དང་གཏན་ཚིགས་ཀྱི་ལམ་ནས་སུན་ཕྱུང་ཐུབ་ཀྱི་རེད། རིག་པ་གཏོང་སྐབས་ཐལ་འགྱུར་བའི་རིག་པ་ཡག་ཤོས་རེད། ངོས་ནས་ཉིན་ལྟར་སྒོམ་རྒྱག་སྐབས་ཐལ་འགྱུར་བའི་རིགས་པ་བཞིན་བསམ་བློ་གཏོང་གི་ཡོད། བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་ཀྱི་ཆ་ནས་ཐལ་འགྱུར་བའི་ལྟ་བ་གཉིས་ཟུང་དུ་སྦྲེལ་ནས་ཞོགས་པ་ཡར་ལངས་མ་ཐག་བསམ་བློ་གཏོང་གི་ཡོད། སྟོང་ཉིད་ཀྱི་ལྟ་བའི་སྐོར་ལ་མགོན་པོ་ཀླུ་སྒྲུབ་ཀྱི་དགེ་ཕྲུག་ཅིག་གི་མཇུག་དེར་ཕལ་ཆེར་ངོས་རང་བསྡད་ཆོག་གི་རེད།
དེ་ནས་རྒྱ་གར་གྱི་ལྟ་གྲུབ་གཙོ་བོ་གཅིག་སྟེ་འཚེ་བ་མེད་པ་ཞེས་པ་ནི་ཧ་ཅང་རྩ་ཆེན་པོ་རེད། ལྟ་གྲུབ་ཀྱི་ཐད་ནས་ནང་པ་སོགས་རིགས་འདྲ་མིན་ཡོང་གི་ཡོད་ཀྱང་། འཚེ་བ་མེད་པ་དེ་ཚང་མས་གཅིག་གྱུར་གྱི་ལག་ལེན་བསྟར་བྱ་ཡིན། ངོས་ལ་མཚོན་ན་ཆུང་ཆུང་སྐབས་ནས་འཚེ་བ་མེད་པར་གོམས་འདྲིས་སུ་གྱུར་ཡོད་པས། འཚེ་བ་མེད་པའི་ལམ་ཉམས་ལེན་བྱས་པ་ཙམ་མ་ཡིན་པར། ངོས་ཀྱི་གྲོགས་པོ་ཚང་མར་འཚེ་བ་མེད་པ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད་ཅེས་བགྲོ་གླེང་དང་གོ་བསྡུར་ཞུས་བསྡད་ཡོད། དངོས་སུ་འཛམ་གླིང་གི་ས་གནས་གང་སར་སླེབས་སྐབས། འཚེ་བ་མེད་པ་ནི་དངོས་གནས་གལ་ཆེན་པོ་ཡིན་པ་དེ་བས་ཀྱང་ར་འཕྲོད་ཡོང་གི་འདུག འཛམ་བུ་གླིང་འདིར་ཞི་བདེ་དང་འཚེ་བ་མེད་པ་ཡོང་རྒྱུར་ཚང་མས་འབད་བརྩོན་དང་དོ་སྣང་བྱེད་ཀྱི་ཡོད་སྟབས། རྩ་བ་དེ་འཚེ་བ་མེད་པ་རང་ལ་ཐུག་ཡོད།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༤ ཉིན་ Romon Magsaysay Award ཐེབས་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་སྩལ་བའི་བཀའ་སློབ།

 

Leave a Reply

Your email address will not be published. Required fields are marked *