ཅ༽ གྲུབ་ཐོབ་ཀྱི་གྲངས་ངེས་ལ་དཔྱད་པ།
དེ་ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[1]། སྤྱིར་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་གྲུབ་པ་ཐོབ་པ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་དུས་ཁོ་ནར་ལྔ་སྟོང་ལྷག་ཙམ་བྱུང་བར་བཤད་ཅིང་། ཡོངས་གྲགས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་དང་། གྲུབ་ཐོབ་བརྒྱད་ཅུ་ཞེས་གྲགས་པ་ནི།
བླ་མ་རྡོ་རྗེ་གདན་པས་ཚོགས་འཁོར་མཛད་པའི་སྐབས་དངོས་སུ་བྱོན་པའི་གྲུབ་ཐོབ་ཀྱི་གྲངས་ལ་བརྒྱད་ཅུ་བྱུང་བར་བརྟེན་ནས་མིང་དེ་ལྟར་གྲགས་པ་ཡིན་ཞེས་གསུང་སྲོལ་ཡོད། ཅེས་གསུངས་ལ། ཡང་ཆོས་ཀྱི་རྣམ་གྲངས་རྒྱ་མཚོའི་གཏེར་ལས[2]། དང་པོ་གྲུབ་ཆེན་ལཱུ་ཧི་པ་ནས་གྱ་བདུན་པ་བདག་མེད་མའི་བར་གྲུབ་ཆེན་ ༨༧ རྣམས་ཡིན། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ཞེས་པ་ཡོངས་གྲགས་སྐབས་འདིར་གྲངས་འདྲེན་སྐབས་གྲུབ་ཆེན་གྱི་མཚན་གསུམ་འཕར་བ་མཚན་གྱི་དབྱེ་སྟངས་གནད་ལ་མ་འཁེལ་བའམ་ཅི་ཡིན་དཔྱད་ཅེས་ཀྱང་གསལ།
དེ་ལྟར་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ཞེས་པའི་གྲངས་ནི། བླ་མ་རྡོ་རྗེ་གདན་པ་ཆེན་པོས་ཚོགས་འཁོར་ཆེན་པོ་ཞིག་བཤམས་ཏེ་གྲུབ་ཐོབ་རྣམས་སྤྱན་དྲངས་པས་ཐམས་ཅད་དངོས་སུ་རིམ་པར་བྱོན་ཏེ་གདན་བཤམས་པ་ལ་བཞུགས་པའི་གོ་རིམ་དུ་ལཱུ་ཧི་པ་དང་པོར་བྱོན་ནས་གདན་ལ་དང་པོར་བཞུགས་པས། འདི་ནི་དེའི་དབང་དུ་བྱས་པའི་གོ་རིམ་ཡིན་ལ། དེར་བྱོན་པའི་གྲུབ་ཐོབ་རྣམས་ཀྱི་ཞལ་གྲངས་ཀྱང་བརྒྱད་ཅུ་རྩ་བཞི་བྱུང་བས། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གྲངས་ཀྱང་དེའི་དབང་དུ་བྱས་པར་གསལ་ལ[3]། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་གྱི་གོ་རིམ་ལ་མཚོན་ནའང་། དུས་རབས་དང་བརྒྱུད་པ་རིམ་བྱོན། དེ་བཞིན་བླ་སློབ་ཀྱི་རིམ་པ་ངེས་ཅན་ཞིག་མེད་པར་གོང་གསལ་གྱི་གོ་རིམ་ལྟར་དུ་བསྒྲིགས་པ་ཞིག་ཡིན་ནོ།།
འོན་ཀྱང་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ཞེས་པ་ནི། རྒྱ་གར་འཕགས་ཡུལ་གྱི་རྣལ་འབྱོར་ཕོ་མོ་ཞལ་གྲངས་ལྔ་བཅུ་རྩ་བརྒྱད་ཀྱི་རྣམ་ཐར་ཡིན་ཅིང་། རྣམ་ཐར་འདི་ཉིད་ནི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་དང་མི་འདྲ་བར་གསང་སྔགས་བླ་མེད་ཀྱི་བཀའ་བབས་སམ་གདམས་ངག་བྱེ་བྲག་པ་བདུན་གྱི་བརྒྱུད་པ་བར་མ་ཆད་པའི་བླ་སློབ་ཀྱི་གོ་རིམ་མཐར་ཆགས་སུ་བཞུགས་པ་ཞིག་ཡིན་ལ། དེ་ཡང་བཀའ་བབས་བདུན་ནི། ༡ ཕྱག་རྒྱ་ཆེན་པོའི་བཀའ་བབས་ཀྱི་བརྒྱུད་པ་ལ་གཙོ་བོ་རྣལ་འབྱོར་པ་དྲུག་དང་། ༢ གཏུམ་མོའི་བཀའ་བབས་བརྒྱུད་པ་ལ་གཙོ་བོ་རྣལ་འབྱོར་དྲུག །༣ ལས་ཀྱི་ཕྱག་རྒྱའི་བཀའ་བབས་ཀྱི་བརྒྱུད་པ་ལ་གཙོ་བོ་རྣལ་འབྱོར་ཕོ་མོ་ལྔ། ༤ འོད་གསལ་གྱི་བཀའ་བབས་ཀྱི་བརྒྱུད་པ་ལ་གཙོ་བོ་རྣལ་འབྱོར་ཕོ་མོ་བཅུ་བཞི། ༥ བསྐྱེད་རིམ་འཕྲིན་ལས་དང་བཅས་པའི་བཀའ་བབས་ཀྱི་བརྒྱུད་པ་ལ་གཙོ་བོ་རྣལ་འབྱོར་པ་དྲུག །༦ ཚིག་གི་བརྒྱུད་པའི་བཀའ་བབས་ཀྱི་བརྒྱུད་པ་ལ་གཙོ་བོ་རྣལ་འབྱོར་པ་བདུན། ༧ ཐོར་བུ་སྣ་ཚོགས་ཀྱི་བཀའ་བབས་བརྒྱུད་པ་ལ་གཙོ་བོ་རྣལ་འབྱོར་ཕོ་མོ་བཅུ་བཞི་བཅས་ཁྱོན་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ནང་གྲུབ་ཐོབ་ཞལ་གྲངས་ ༥༨ བྱོན་པའི་ཁྲོད་ནས་ ༡) ཕྱག་རྒྱ་ཆེན་པོའི་བཀའ་བབས་ཀྱི་བརྒྱུད་པའི་ནང་མགོན་པོ་ཀླུ་སྒྲུབ་དང་། ༢) ཐོར་བུ་སྣ་ཚོགས་ཀྱི་བཀའ་བབས་ནང་ཀརྞ་རི་པ་སྟེ་ཨཱརྱ་དེ་ཝ་བཅས་པཎ་གྲུབ་བཅུ་བདུན་གྱི་ཁྲོད་ནས་གཉིས་ལས་མི་གསལ་ལོ།།
གཞན་ཡང་དཔལ་ཨུ་རྒྱན་དུ་ཚོགས་འཁོར་བྱས་པའི་དུས་སུ་རྣལ་འབྱོར་པ་གྲུབ་པ་ཐོབ་པ་བཞི་བཅུས་རྡོ་རྗེའི་མགུར་བཞེངས་པ་ཉམས་ཀྱི་མན་ངག་ཐིག་ལེ་གསེར་གྱི་ཕྲེང་བར[4]། སློབ་དཔོན་ཀླུ་སྒྲུབ་དང་། སློབ་དཔོན་ཕྱོགས་ཀྱི་གླང་པོ། བྷུ་སུ་ཀུ་རྣམ་པ་གསུམ་གྱི་མཚན་དང་དེ་དག་གིས་གསུངས་པའི་མགུར་དུ་བཞེངས་པའི་ཚིགས་སུ་བཅད་པ་རེ་རེ་བཞུགས་པ་ལས་པཎ་གྲུབ་བཅུ་བདུན་ལས་གཞན་རྣམས་ཀྱི་མཚན་དང་དེ་དག་གི་མགུར་སོགས་འཁོད་པ་མི་སྣང་ངོ་།།
དེ་བཞིན་མཁའ་འགྲོ་མའི་གསང་མཛོད་ནས་ཕྱུང་སྟེ་རྗེ་དམ་པ་རྒྱ་གར་རིན་པོ་ཆེ་ལ་གནང་བ་ཞ་མ་ལོ་ཙཱ་བས་བསྒྱུར་བའི་གྲུབ་ཐོབ་ལྔ་བཅུའི་རྟོགས་པ་བརྗོད་པ་ཐིག་ལེ་འོད་ཀྱི་ཕྲེང་བ་ལས[5]། ཨཱཪྻ་དེ་བ་དང་། ནཱ་གཱ་རྫུ་ན། ཤཱནྟ་དེ་བ། ཕྱོགས་ཀྱི་གླང་པོ། ཟླ་བ་གྲགས་པ་བཅས་པཎ་གྲུབ་བཅུ་བདུན་གྱི་ཁྲོད་ནས་སློབ་དཔོན་ལྔའི་མཚན་དང་། དེ་དག་གི་མགུར་ཚིགས་སུ་བཅད་པ་རེ་རེ་གསལ་ལོ།།
ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་གྲུབ་ཆེན་རྣམས་ཀྱི་གསལ་འགྲེལ་རེའུ་མིག་ལས[6]། གྲུབ་ཆེན་ཞལ་གྲངས་ ༤༩ གསལ་བའི་ཁྲོད་དུ་མགོན་པོ་ཀླུ་སྒྲུབ་དང་། རྒྱལ་སྲས་འཕགས་པ་ལྷ་རྣམ་གཉིས་ལས་མི་འབྱུང་བ་སོགས་སྣ་ཚོགས་ཤིག་མཆིས་སོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༥༦༤
[2] བོད་ཡིག་ཚིག་གཏེར་རྒྱ་མཚོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༥༤༦
[3] གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་ཀྱི་གླེང་གཞིར་སློབ་དཔོན་ཆེན་པོ་སེམས་དཔའ་རྡོ་རྗེས་སྒྲུབ་ཀུན་གྲུབ་ཐོབ་རྗེས་གནང་བཤད་པ་དེ་ལས་ལུང་འདྲེན་གནང་། ཤོག་ངོས་ ༢༡ ཝཱར་ཎའི་པར་མ་ ༡༩༧༩
[4] བསྟན་འགྱུར་དཔེ་བསྡུར་མ། རྒྱུད་ ༼ཟི༽ དེབ་ཨང་། ༢༧ པ། ༢༠༠༨ ལོ། ཤོག་གྲངས་ ༣༨༢ ནས་ ༣༩༠ བར།
[5] བསྟན་འགྱུར་དཔེ་བསྡུར་མ། རྒྱུད་ ༼ཟི༽ དེབ་ཨང་། ༢༧ པ། ཤོག་གྲངས་ ༣༤༡ ནས་ ༣༤༩ བར།
[6] གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་དང་ཞལ་ཐང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༩༩
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༧༣ ནས་ ༡༧༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།