༢༽ ལོ་ཙཱ་བ་ཤཱཀྱ་བརྩོན་འགྲུས།
ལོ་ཙཱ་བ་དགེ་སློང་ཤཱཀྱ་བརྩོན་འགྲུས་མཆོག་ནི། ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་སྟེ། ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། དེ་ནས་བལ་ཡུལ་དང་། ཁ་ཆེ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་བཅོས་དུ་མ་བོད་ཡིག་ཏུ་བསྒྱུར་བར་མཛད་པ་སྟེ།
དེ་ཡང་རྒན་གྱའི་དཀོན་མཆོག་རྒྱ་མཚོས་བརྩམས་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་དྲང་སྲོང་བཤུལ་ལམ་ལས[1]། རྒྱ་བརྩོན་སེང་ཞེས་པ་ནི། གཙང་མྱང་སྟོད་བྱེ་མདའི་ཕུམ་བུ་རི་ཞེས་པར་ཕྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་དུ་སྐུ་འཁྲུངས། གཞོན་དུས་ནས་མྱང་སྟོད་སྟག་ཚལ་དུ་བཤེས་གཉེན་བསྟེན་ནས་མདོ་སྔགས་རིག་གནས་ལ་སྦྱངས། ཕྱི་ལོ་ ༡༠༣༣ ཙམ་དུ་ལྷ་བླ་མའི་བཀའ་བཞིན་རྒྱ་གར་དུ་ཇོ་བོ་རྗེ་གདན་འདྲེན་དུ་ཕེབས་ཀྱང་སྤྱན་མ་འདྲོངས་པར་སླར་འཁོར། ཕྱི་ལོ་ ༡༠༣༤ ཙམ་དུ་ནག་ཚོ་ལོ་ཙཱ་བ་སོགས་ཁྲིད་དེ་སླར་ཡང་རྒྱ་གར་དུ་བྱོན་ཅིང་ནག་ཚོ་སོགས་ལ་མངོན་པ་གསུངས། དུས་དེ་ཙམ་དུ་ལེགས་ལྡན་འབྱེད་ཀྱི་དབུ་མ་རིན་ཆེན་སྒྲོན་མེ་ནག་ཚོ་དང་ལྷན་དུ་སོ་མ་པུ་རིའི་གཙུག་ལག་ཁང་དུ་བསྒྱུར། ཀླུ་སྒྲུབ་ཀྱིས་མཛད་པའི་ཕྱག་རྡོར་གོས་སྔོན་ཅན་གྱི་གཟུངས་འགྲེལ་བསྒྱུར་བ་སྡེ་བསྟན་རྒྱུད་ ༼ཐུ༽ པའི་ ༡༣༢ ན་བཞུགས་ཤིང་། ཇོ་བོ་རྗེ་དང་ལོ་པཎ་བསྡེབས་ཏེ་ན་ལེནྡྲའི་སྒོ་འགྲམ་དུ་བསྒྱུར་གསུང་། རྒྱུད་ ༼ནུ༽ པའི་ ༢༠༧ན་༡ ལས་འབྱུང་བའི་ཕྱག་རྡོར་བསྟོད་པ་སོགས་དང་། རྒྱུད་ ༼ཞི༽ པར་བཞུགས་པའི་ཏིལླི་པའི་ཆོས་བརྒྱད་སོགས་འདིས་བསྒྱུར་བ་མང་། རོང་འགར་དགེ་དང་གྲུབ་ཐོབ་ཤོལ་པོ་སོགས་སློབ་མ་མང་དུ་བསྐྱངས། ཕྱི་ལོ་ ༡༠༧༦ ལོའི་མེ་འབྲུག་ཆོས་འཁོར་དུ་བྱོན་པའི་ཁྱུང་པོ་ཆོས་བརྩོན་ནམ་ཁྱུང་པོ་གྲགས་སེ་ནི་རྒྱ་བརྩོན་སེང་གི་ཉེ་གནས་ཡིན། ཇོ་བོ་རྗེའི་དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བའི་འགྱུར་བྱང་དུ། ལོ་ཙཱ་བ་དགེ་བསྙེན་ཆེན་པོ་རྒྱ་བརྩོན་འགྲུས་སེང་གེ་ཞེས་དེའི་དུས་རྟེན་དགེ་བསྙེན་ཡིན་པར་སྣང་མོད། འཇམ་དཔལ་གྲགས་པའི་རྩ་ལྟུང་རྒྱ་ཆེར་འགྲེལ་གྱི་འགྱུར་བྱང་དུ་ལོ་ཙཱ་བ་དགེ་སློང་བརྩོན་འགྲུས་སེང་གེ་ཞེས་འབྱུང་བས་དེའི་དུས་དགེ་སློང་ཡིན་སྣང་ངོ་།།
ཕྱི་ལོ་ ༡༠༤༣ ལོར་ཇོ་བོ་རྗེ་དང་ལྷན་དུ་བལ་པོ་ནས་བོད་དུ་བྱོན་པའི་ལམ་ཁ་ནས་སྐུ་གཤེགས་པར་ལོ་རྒྱུས་མང་པོར་གསལ་མོད། སྡེ་བསྟན་རྒྱུད་ ༼ཤ༽ པའི་ ༣༨བ༡ ལས། ལྷ་མོ་སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་བསྟོད་པ་རྣམ་དག་གཙུག་གི་ནོར་བུ་ཞེས་བྱ་བ། སློབ་དཔོན་ཆེན་པོ་སཱུརྱ་གུཔྟའི་ཞབས་ཀྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཅེས་གསལ་བས། རྒྱ་བརྩོན་སེང་བལ་པོ་ནས་འདས་པར་བཤད་པ་ལ་བརྟག་བྱ་སྣང་། ཇོ་བོ་རྗེ་བོད་དུ་བྱོན་ནས་རྒྱ་བརྩོན་སེང་གི་འཁྲུངས་ཡུལ་མྱང་རོ་སྟག་ཚལ་དུ་ཕེབས་སྐབས། ལོ་ཙཱ་བའི་ཡུལ་དུ་སླེབས་དུས་ལོ་ཙཱ་བ་མེད་པ་གསུངས་ནས་ཐུགས་སྐྱོ་བ་གནང་ཞིང་། སློབ་དཔོན་འཇམ་དཔལ་གྲགས་པའི་རྩ་ལྟུང་རྒྱ་ཆེར་འགྲེལ་གནས་འདིར་བསྒྱུར་བ་སྡེ་བསྟན་རྒྱུད་ ༼ཟི༽ པའི་ ༢༣༡བ༦ལས་འབྱུང་ངོ་། །ཞེས་གསལ་ལོ།།
ལོ་ཙཱ་བ་འདིའི་སྒྱུར་རྩོམ་ནི་བཀའ་འགྱུར་ལས། རྡོ་རྗེའི་མཁའ་འགྲོའི་རྒྱུད་ཕྱི་མ་ལེའུ་བཞི་པ་དང་། བསྟན་འགྱུར་ལས། རྒྱུད་ཀྱི་རྒྱལ་པོ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་དཀའ་འགྲེལ། དགྱེས་པ་རྡོ་རྗེའི་སྒྲུབ་ཐབས། ཀྱཻ་རྡོ་རྗེའི་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པའི་ཆོ་ག །ལྷག་པར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་རིམ་པ་ལྔ་པའི་དཀའ་འགྲེལ་སོགས་བཞུགས་སོ།།[2]
དེ་འཕྲོས་སྐད་གཉིས་སྨྲ་བའི་སྒྲ་སྒྱུར་གྱི་ལོ་ཙཱ་བ། ༣༽ སློབ་དཔོན་བཙུན་པ་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་སྒྲ་སྒྱུར་མཛད་ཅིང་། ལོ་ཙཱ་བ་འདི་ཉིད་ཀྱི་རྣམ་ཐར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་གསུང་གི་སྐབས་སུ་བཀོད་ཟིན་ལ། ༤༽ ཡོངས་རྫོགས་པཎྜི་ཏ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་རིན་པོ་ཆེའི་སྒྲོན་མ་དང་། དབུ་མའི་སྙིང་པོའི་ཚིག་ལེའུར་བྱས་པ། དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། དབུ་མའི་དོན་བསྡུས་པ། སྡེ་པ་ཐ་དད་པར་བྱེད་པ་དང་རྣམ་པར་བཤད་པ་བཅས་སློབ་དཔོན་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་སྒྲ་སྒྱུར་མཛད། ལོ་ཙཱ་འདི་ཉིད་ཀྱི་རྣམ་ཐར་སློབ་དཔོན་སེངྒེ་བཟང་པོའི་གསུང་གི་སྐབས་སུ་འགོད་པར་འགྱུར་བས་དེ་དག་ཏུ་གཟིགས་པར་འཚལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་། ༼༢༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤོག་ ༤༣
[2] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༢༡༣། ༣༡༦ བཅས་ལས་བཏུས་ཏེ་ལེགས་བསྒྲིགས་ཞུས་པའོ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༦༧ ནས་ ༤༦༩ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།