ད༽ གསོ་རིག་གི་བསྟན་བཅོས་མ་རྙེད་པ།
དེ་ཡང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་འཕགས་ཡུལ་གྱི་པཎ་གྲུབ་ཀུན་གྱི་གཙུག་རྒྱན་དཔལ་འཕགས་པ་ཀླུ་སྒྲུབ་ལ་རྟེན་འབྲེལ་གྱི་སྒོ་ནས་རྟོགས་པ་བརྗོད་པ་ལྟ་བའི་འདོད་འཇོ་དད་པའི་སྙེ་མ་ལས[1]།
ཆོས་ཕུང་བརྒྱད་ཁྲིའི་རྩ་བ་བདེན་བཞིའི་གཏམ། །
དཀར་ནག་ལས་འབྲས་བསླུ་མེད་སྟོན་པའི་འཕྲིན། །
ཚུ་རོལ་མཛེས་པའི་སྙིང་ལ་ཐུར་མ་མཁན། །
ཀླུ་སྒྲུབ་གསོ་རིག་དབང་པོས་བདག་ཅག་སྐྱོངས། །
ཞེས་དང་། ཡང་དེ་ཉིད་ལས།
སྲིད་བདུན་རིས་སྐྱེ་ཚེ་གཅིག་ཁམས་གཞན་འགྲོ། །
ཉན་ཐོས་སྐྱེ་རྒྱུད་དྲང་ངེས་མ་ཕྱེད་པའི། །
མཁས་རློམ་བརྒྱལ་ཡང་ངེས་གསང་བདུད་རྩི་ཡིས། །
འཚོ་མཛད་ཀླུ་སྒྲུབ་སྨན་པའི་རྒྱལ་པོར་བསྟོད། །
ཅེས་བསྟོད་ཕྱག་མཛད་པ་ལྟར། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་གསོ་རིག་ལ་ཤིན་ཏུ་མཁས་པར་གྲགས་ཀྱང་། བསྟན་འགྱུར་དུ་བཞུགས་པའི་གསོ་རིག་གི་བསྟན་བཅོས་གསུམ་ལས་མ་བཞུགས་མོད། འོན་ཀྱང་གཙང་སྟོད་དར་མ་མགོན་པོས་ (འཁྲུངས་དུས། དུས་རབས་11པ།) མཛད་པའི་གཙང་སྟོད་ཟིན་ཐིག་དང་ཡང་ཐིག་ལས[2]།
ཟིན་ཐིག་དགོས་འདོད་ཀུན་འབྱུང་འདི། །
ཙ་ར་ཀ་དང་དཔའ་བོའི་གཞུང་ལུགས་དང་། །
ཀླུ་སྒྲུབ་སྙིང་པོའི་མདོ་ལྔ་ལ་སོགས་དང་།
ཞེས་དང་། དེ་བཞིན་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ (1672-) ཀྱིས་མཛད་པའི་གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ་ལས[3]། (1) ཀླུ་སྒྲུབ་ཀྱི་གསུང་དུ་གྲགས་པ་མདོ་ལྔ་[4]དང་། (2) གཞན་ཡང་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པ་སྨན་དཔྱད་རིན་པོ་ཆེ་འདུས་པ། བམ་པོ་བདུན། (3) ཀླུ་སྒྲུབ་ཀྱིས་མཛད་ཟེར་བ་སྒྲོན་མ་ལྔ་སྐོར། (4) དེ་མིན་ཀླུ་སྒྲུབ་ཀྱིས་མཛད་ཟེར་བ་དུག་བཅོས་དཔའ་བོ་ཐུབ་པའི་རྒྱུད་དང་། (5) ཕྱག་ན་རྡོ་རྗེ་དང་ཀླུ་སྒྲུབ་ཞུས་ལན་དུ་མཛད་པའི་གཟའ་རྒྱུད་རིན་ཆེན་སྤུངས་པ། (6) འཕགས་པ་འཇམ་དཔལ་དང་དྲང་སྲོང་བཞིས་ཞུས་ལན་དུ་མཛད་པ་སྔོ་སྦྱོར་བདུད་རྩི་འཆི་མེད་གསང་བ་སྐུ་གསུང་ཐུགས་ཀྱི་རྒྱུད་ཀྱི་འགྲེལ་པ་དཔལ་མགོན་ཀླུས་མཛད་པར་གྲགས་པ་བཅས་གསོ་རིག་གི་བསྟན་བཅོས་རྣམས་ཡོད་པར་གསུངས་སོ།།
དེ་བཞིན་ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེས་ (1284-1339) མཛད་པའི་སྨན་གྱི་བསྟན་བཅོས་སྨན་མིང་རྒྱ་མཚོ་ལས[5]། ནང་པའི་ལུགས་ནི། སྨན་པའི་རྒྱལ་པོ་འཚོ་བྱེད། མདོ་ལྔ་ལ་སོགས་པའི་བསྟན་བཅོས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྣམས་དང་། ཐམས་ཅད་སྙིང་པོ་བསྡུས་པ་སློབ་དཔོན་ཕ་ཁོལ་གྱི་འབུམ་བསྡུས་དང་། ཡན་ལག་བརྒྱད་པའི་སྙིང་པོ། དེའི་འགྲེལ་པ་ཟླ་བ་ལ་མངོན་པར་དགའ་བས་མཛད་པའི་ཚིག་གི་ཟླ་ཟེར་དང་། སྙིང་པོ་བསྡུས་པ་ལ་སོགས་པ་རྣམས་དང་། གཞན་པཎྜི་ཏ་མཁས་གྲུབ་རྣམས་ཀྱིས་མཛད་པའི་བསྟན་བཅོས་དཔག་ཏུ་མེད་པ་ཐམས་ཅད་ནི། རྒྱ་གར་ནས་བྱུང་བའོ། །ཞེས་མདོ་ལྔ་ལ་སོགས་པ་ཀླུ་སྒྲུབ་ཀྱིས་མཛད་པར་གསུངས་སོ།།
གཞན་ཡང་རྟ་ནག་མཁན་ཆེན་ཆོས་རྣམ་རྒྱལ་ (རྟ་ནག་ཐུབ་བསྟན་རྣམ་རྒྱལ་དགོན་གྱི་གདན་རབས་བཅུ་གཉིས་པ།) གྱིས་མཛད་པའི་བསྟན་པ་དང་བསྟན་འཛིན་གྱི་ལོ་རྒྱུས་ཡོངས་འདུའི་མེ་ཏོག་གསར་པའི་དོ་ཤལ་ལས[6]། བསྟན་བཅོས་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་ (1) སྦྱོར་བ་བརྒྱ་པ། (2) འཚོ་བའི་མདོ་ཚིགས་སུ་བཅད་པ། (3) རྩ་ཨ་ཝའི་ཆོ་ག །(4) དངུལ་ཆུ་རིན་ཆེན་ཕྲེང་བ། (5) གསེར་འགྱུར་སྦྱོར་བ་རྣམས་མཛད། བོད་སྔ་མ་ཁ་ཅིག (6) རེག་པ་རྩའི་མདོ། (7) འཚོ་བ་ཟས་ཀྱི་མདོ། (8) ཕན་པ་སྨན་གྱི་མདོ། (9) གཏར་བསྲེག་དཔྱད་ཀྱི་མདོ། (10) རྨ་ཆས་བཟོའི་མདོ་སྟེ་མདོ་ལྔ། (11) བདུད་རྩི་སྙིང་པོ་སོགས་དཔྱད་གཞུང་བཅུ་དང་བཅས་པ་མཛད་ཟེར་ཡང་། དེ་དག་ལ་རྒྱ་གཞུང་གི་མཚན་ཉིད་ཅི་ཡང་མ་ཚང་བས་ཀླུ་སྒྲུབ་ཀྱིས་མཛད་པ་མིན་པར་ངེས། ཞེས་བྱུང་ཡང་སྦྱོར་བ་བརྒྱ་པ་དང་། འཚོ་བའི་མདོ་ཚིགས་སུ་བཅད་པ། རྩ་ཨ་ཝའི་ཆོ་ག་གསུམ་ཀླུ་སྒྲུབ་ཀྱིས་མཛད་པར་མ་ཟད་བསྟན་འགྱུར་དུའང་བཞུགས་སོ།།
དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་[7]ཀྱང་། བསྟན་བཅོས་ནི་ཀླུ་སྒྲུབ་ཞབས་ཀྱིས་སྦྱོར་བ་བརྒྱ་པ་འཚོ་བའི་མདོ་ཚིགས་སུ་བཅད་པ་རྩ་ཨ་ཝའི་ཆོ་ག་དངུལ་ཆུ་རིན་ཆེན་ཕྲེང་བ་གསེར་འགྱུར་སྦྱོར་བ་རྣམས་མཛད། སྔ་རབས་པ་རྣམས་མདོ་ལྔ། དཔྱད་གཞུང་བཅུ་སོགས་མཛད་ཟེར་ཡང་རྒྱ་གཞུང་གི་མཚན་ཉིད་མེད་དོ།། ཞེས་གསུངས་པ་ལྟར་བསྟན་འགྱུར་གྱི་ཁྲོད་དུ། (1) སྦྱོར་བ་བརྒྱ་པ་དང་། (2) འཚོ་བའི་མདོ་ཚིགས་སུ་བཅད་པ། (3) རྩ་ཨ་ཝའི་ཆོ་ག་གསུམ་ལས། (1) དངུལ་ཆུ་རིན་ཆེན་ཕྲེང་བ་དང་། (2) གསེར་འགྱུར་སྦྱོར་བ་གཉིས་དང་། བོད་སྔ་མའི་བཞེད་པ་ལྟར་བསྟན་བཅོས་ཕྱི་མ་ལྔ་བཅས་བསྟན་འགྱུར་དུ་མི་གསལ་བས་དཔྱད་དགོས་སོ།།
ཟུར་མཁར་བ་བློ་གྲོས་རྒྱལ་པོས་ (1509-1572) མཛད་པའི་སྨན་པ་རྣམས་ཀྱི་མི་ཤེས་སུ་མི་རུང་བའི་ཤེས་བྱ་སྤྱིའོ་ཁོག་འབུབས་ལས་[8]ཀྱང་། འཚོ་བྱེད་ཀྱིས་བརྩམས་ཟེར་བའི་རིག་པ་རྩ་བའི་མདོ་ཞེས་པའང་བོད་སྨན་རྨོངས་པ་ཞིག་གིས་བྱས་པ་ཡིན་ནོ། །ཞེས་དང་། ཡང་དེ་ཉིད་ལས[9]། ཕྱི་རིག་པ་ལ་གསོ་རིག་གི་བསྟན་བཅོས་སྦྱོར་བ་བརྒྱ་པ། འཚོ་བའི་མདོ་ཚིགས་སུ་བཅད་པ། རྩ་ཨ་བའི་ཆོ་ག་སྨན་རིན་པོ་ཆེའི་རིམ་པ། དངུལ་ཆུའི་སྦྱོར་བ་རིན་ཆེན་ཕྲེང་བ། གསེར་འགྱུར་དང་དྲིའི་སྦྱོར་བ། ལུགས་ཀྱི་བསྟན་བཅོས་རྒྱལ་པོ་ལ་གདམས་པ་རིན་ཆེན་ཕྲེང་བ། བློན་པོ་ལ་གདམས་པ་ཤེས་རབ་བརྒྱ་པ། དམངས་ལ་གདམས་པ་སྐྱེ་བོ་གསོ་ཐིགས། གཞན་ཡང་རྟེན་འབྲེལ་གྱི་རྩིས་དང་མདོ་རྒྱུད་ཀྱི་འགྲེལ་པའང་མང་དུ་མཛད་དོ།།
སྔ་རབས་པ་རྣམས་ཀྱིས་རེག་པ་རྩའི་མདོ། འཚོ་བ་ཟས་ཀྱི་མདོ། སྦྱོར་བ་སྨན་གྱི་མདོ། གཏར་སྲེག་དཔྱད་ཀྱི་མདོ། རྨ་བཅོས་བཟོའི་མདོ་སྟེ་མདོ་སྔའོ། །བདུད་རྩི་སྙིང་པོ། བདུད་རྩི་བུམ་པ་བསྡུས་པའི་སྦྱོར་བ། སྦྱོར་བ་མར་གསར། ས་ལུ་ལྗོན་པ། བདུད་རྩི་ཀུ་མུ་ཏ། རིན་པོ་ཆེའི་ཕྲེང་བ། འགྲམ་པ་ཏི། སོ་མ་རཱ་ཛ་རིན་པོ་ཆེ་དབྱིག་ཤེལ་ཏེ་དཔྱད་གཞུང་བཅུ་གསུམ་དང་། གཞན་ཡང་གསང་ཏིག་སྒྲོལ་མ། ཡན་ལག་བཞི་པའི་མདོ། ཁམས་བཞི་སྙོམས་པའི་མདོ། ནགས་སུ་འཇུག་པའི་གཡུའི་དྲ་བ། བདུད་དུ་སྤྲུལ་ནས་ཡན་ལག་ནག་པོའི་རྒྱུད་གསུམ། སི་ཏི་ས་ར་ལ་སོགས་པ་མཛད་ཟེར་རོ།།
དེ་ལས་སོ་མ་རཱ་ཛ་ནི་ཀླུ་སྒྲུབ་དང་འཇམ་དབྱངས་ཀྱིས་གསུངས་པ་མ་ཡིན་ཏེ་རྒྱ་ནག་གི་སྨན་པ་མཁས་པ་ཞིག་གིས་བརྩམས་པ་ཡིན་ཡང་འགྱུར་ཤིན་ཏུ་མ་ལེགས་པས་ནོངས་ཤིང་། གཞན་རྣམས་ནི་སྔ་ཕྱི་ཅི་རིགས་པར་བོད་དུ་བརྩམས་པ་འབའ་ཞིག་ཏུ་སྣང་ངོ་། །སློབ་དཔོན་གྱིས་མཛད་པ་གོང་དུ་སྨོས་པ་རྣམས་ནི་རྣ་བས་ཀྱང་མ་ཐོས་པ་འདུག་ལ། རང་བཟོ་བཏགས་པའི་གཞུང་དག་ལ་ཡིད་གཏོད་པར་བྱེད་པ་ནི་བསིལ་བའི་ལྗོངས་ན་གནས་པའི་སྨན་པ་རྣམས་ཀྱིས་ལུགས་སུ་སྣང་བས། ད་དུང་ཡང་བཟློག་པར་དཀའ་འོ། །ཞེས་བྱུང་ངོ་།།
མདོར་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་དཔྱད་གཞུང་བཅུ་གསུམ་ནི། ༡༽ རེག་པ་རྩའི་མདོ་དང་། ༢༽ འཚོ་བ་ཟས་ཀྱི་མདོ། ༣༽ ཕན་པ་སྨན་གྱི་མདོ། ༤༽ གཏར་བསྲེག་དཔྱད་ཀྱི་མདོ། ༥༽ རྨ་ཆས་བཟོའི་མདོ་བཅས་མདོ་ལྔ་དང་། ༦༽ སྨན་དཔྱད་རིན་པོ་ཆེ་འདུས་པ། ༧༽ སྒྲོན་མ་ལྔ་སྐོར། ༨༽ དུག་བཅོས་དཔའ་བོ་ཐུབ་པའི་རྒྱུད། ༩༽ གཟའ་རྒྱུད་རིན་ཆེན་སྤུངས་པ། ༡༠༽ སྔོ་སྦྱོར་བདུད་རྩི་འཆི་མེད་གསང་བ་སྐུ་གསུང་ཐུགས་ཀྱི་རྒྱུད་ཀྱི་འགྲེལ་པ། ༡༡༽ དངུལ་ཆུ་རིན་ཆེན་ཕྲེང་བ། ༡༢༽ གསེར་འགྱུར་སྦྱོར་བ། ༡༣༽ བདུད་རྩི་སྙིང་པོ། ༡༤༽ བདུད་རྩི་བུམ་པ་བསྡུས་པའི་སྦྱོར་བ། ༡༥༽ སྦྱོར་བ་མར་གསར། ༡༦༽ ས་ལུ་ལྗོན་པ། ༡༧༽ བདུད་རྩི་ཀུ་མུ་ཏ། ༡༨༽ རིན་པོ་ཆེའི་ཕྲེང་བ། ༡༩༽ འགྲམ་པ་ཏི། ༢༠༽ སོ་མ་རཱ་ཛ་རིན་པོ་ཆེ་དབྱིག་ཤེལ། ༢༡༽ ཡན་ལག་བཞི་པའི་མདོ། ༢༢༽ ཁམས་བཞི་སྙོམས་པའི་མདོ། ༢༣༽ ནགས་སུ་འཇུག་པའི་གཡུའི་དྲ་བ། ༢༤༽ བདུད་དུ་སྤྲུལ་ནས་ཡན་ལག་ནག་པོའི་རྒྱུད་གསུམ། ༢༥༽ སི་ཏི་ས་ར་འདི་རྣམས་ཀླུ་སྒྲུབ་ཀྱིས་མཛད་མིན། རྒྱ་གཞུང་གི་མཚན་ཉིད་མི་ཚང་ཚུལ་སོགས་ལ་དཔྱད་དགོས་ལ། ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ (982-1054) མཛད་པའི་དབུ་མའི་མན་ངག་ཟ་མ་ཏོག་ཁ་ཕྱེ་བ་ལས[10]། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་ལས། ༢༦༽ སྦྱོར་བ་སུམ་ཅུ་རྩ་གཉིས་པ་དང་། ༢༧༽ བདུད་རྩིའི་སྙིང་ཐིགས། ཞེས་གསུངས་པའི་གསོ་རིག་གི་བསྟན་བཅོས་གཉིས་ཀྱང་མ་རྙེད་དོ།།
དེ་ཡང་མཁས་པ་ལྡེའུས་ (དུས་རབས་13པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[11]། ༢༨༽ གསོ་བ་རིག་པའི་བསྟན་བཅོས་ཀྱང་སོ་མ་ར་རྩ་དང་། འཚོ་བའི་མདོ་དང་། ཡན་ལག་བརྒྱད་པ་དང་། སྒྲ་པ་ཎི་རྩ་འགྲེལ་ལ་སོགས་པ་མཛད་དེ། དེ་དག་གི་བསྟན་བཅོས་ཤིང་རྟ་ཆེན་པོའི་སྲོལ་གཅིག་གོ །ཞེས་དང་། དེ་བཞིན་ཤཱཀྱའི་དགེ་སློང་སྡེ་སྣོད་གསུམ་པ་སྡིང་པོ་བས་མཛད་པའི་རྒྱལ་བ་ཀ་ཐོག་བདེ་གཤེགས་ (1122-1192) ཀྱི་རྣམ་ཐར་བསྡུས་པ་གྲུབ་མཆོག་རྗེས་དྲན་ལས་[12]ཀྱང་། སྨན་རྒྱུད་རྒྱ་ནག་ནས་བྱུང་བ། འཕགས་པ་ཀླུའི་གསོ་བ་ཡན་ལག་བརྒྱད་པ་སོགས་དང་། སྤོར་ཐང་རྩིས་ཀྱི་གབ་རྩེ། སྨྲ་སྒོ། ཐོན་མིའི་སུམ་ཅུ་པ་དང་རྟགས་འཇུག །སྨན་མདོ། སྐུ་གཟུགས་ཆགས་ཚད། ཚིག་རྒྱན་ཉི་ཤུ་པ། རང་བཞིན་དགེ་བཅུ་གཏན་འབེབས། འཇིག་རྟེན་ལུགས་ཀྱི་བསྟན་བཅོས། རྒྱལ་པོའི་ཁྲིམས་ཀྱི་ཡི་གེ་བཅས་ཡབ་དྲུང་ནས་སྦྱངས། ཞེས་གསལ་བ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཡན་ལག་བརྒྱད་པའི་བསྟན་བཅོས་ཀྱི་མ་ཡིག་ཀྱང་མ་རྙེད་དོ།།
༢༩༽ གཞན་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གཞུང་ལུགས་ལ། བསྟན་བཅོས་སྦྱོར་བ་བརྒྱ་པ། རྩ་ཨ་བའི་ཆོ་ག །སྔོ་སྦྱོར་བདུད་རྩི་གསང་། སྨན་རིན་པོ་ཆེའི་རིམ་པ། དངུལ་ཆུའི་སྦྱོར་བ་རིན་ཆེན་འཕྲེང་བ་རྣམས་དང་། གཞན་ཡང་ལྷོག་པ་སྤུན་བཞི་གཉན་བཅས་ཀྱི་བཅོས།[13] ཡང་ཀླུ་སྒྲུབ་ཀྱིས་མཛད་ཟེར་བ་ཕུང་པོ་ལྔའི་ནད་གསོ་བ། བདུད་རྩིའི་སྨན་རིན་པོ་ཆེ་གསང་ཏིག་སྒྲོན་མ། རིན་པོ་ཆེའི་མདོའི་རྩ་བ་ལྟ་བུ་ལེའུ་བཅུ་བདུན། མདོ་རིན་པོ་ཆེ་གསང་བའི་འགྲེལ་ཆེན་ལེའུ་དོན་དྲུག །འདུ་བ་རྣམ་བཞིའི་ཏི་ཀ་ལེའུ་ཉེར་ལྔ། དོན་སྣོད་ཏི་ཀ་ལེའུ་བཅུ་དྲུག །ཕྲན་བུང་གསེར་གྱི་ཏི་ཀ་ལེའུ་སོ་བདུན། མགོའི་ཊི་ཀ་ལེའུ་ཉེར་གཅིག །བྱང་ཁོག་གི་ཊི་ཀ་འཕྲུལ་ལྡེ་ནག་པོ་ལེའུ་ཞེ་བདུན། ཡན་ལག་བཞིའི་ཊཱིཀ་ལེའུ་བཞི་བཅུ་སྟེ་དྲིལ་བས་ལེའུ་ཉི་བརྒྱ་བདུན་ཅུ་རྩ་དགུའི་བདག་ཉིད་ཅན།[14] བཅས་མཛད་པར་གསལ་[15]ནའང་གསོ་རིག་གི་བསྟན་བཅོས་འདི་དག་ཕལ་མོ་ཆེའི་མ་ཡིག་མ་རྙེད་དོ།།
༣༠༽ དེ་ཡང་བློན་པོ་བཀའི་ཐང་ཡིག་ལས། ཀླུ་སྒྲུབ་མཛད་པས་སོ་མ་རཱ་ཛ་དང་། །བདུད་རྩིའི་ཐིགས་པ་བདུད་རྩི་བུམ་པ་དང་[16]། །ཞེས་གསལ་བ་ལྟར་སོ་མ་རཱ་ཛ་སྟེ་སྨན་དཔྱད་ཟླ་བའི་རྒྱལ་པོའི་སྐོར་གཤམ་དུ་བཀོད་ཡོད་ལ། འདིར་གསལ་བའི་བདུད་རྩིའི་ཐིགས་པ་དང་། བདུད་རྩིའི་བུམ་པ་ཞེས་པ་གཉིས་ཀྱང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པར་གསུངས་ནའང་། མ་ཡིག་མ་རྙེད་པས་མ་འོངས་པར་རྙེད་མཚམས་ཞལ་སྐོང་ཞུ་དགོས་སོ།།
༣༡༽ སྣར་ཐང་གསེར་ཕྲེང་ལས[17]། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཡན་ལག་བཞི་པ་དང་། རྟ་དབྱངས་ཀྱིས་མཛད་པའི་ཡན་ལག་བརྒྱད་པ་ལ་སོགས་པ། ཞེས་གསུངས་པ་ལྟར་གསོ་རིག་གི་བསྟན་བཅོས་ཡན་ལག་བཞི་པོ་འདི་ཡང་མ་རྙེད་དོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་གསུང་འབུམ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༦ ལོ། ཤོག་ ༡༩༢
[2] གཙང་སྟོད་ཟིན་ཐིག་དང་ཡང་ཐིག ༼༡༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༥༡༤
[3] གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ ལོ། ཤོག་གྲངས་ ༦༧༠-༦༧༢
[4] མདོ་ལྔ་ནི། (1) རེག་པ་རྩའི་མདོ་དང་། (2) འཚོ་བ་ཟས་ཀྱི་མདོ། (3) ཕན་པ་སྨན་གྱི་མདོ། (4) གཏར་བསྲེག་དཔྱད་ཀྱི་མདོ། (5) རྨ་ཆས་བཟོའི་མདོ་བཅས་སོ།།
[5] ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ། ༼༡༡༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༣བ༢
[6] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༥༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༡༠
[7] ཆོས་འབྱུང་མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༥༡༧
[8] སྨན་པ་རྣམས་ཀྱི་མི་ཤེས་སུ་མི་རུང་བའི་ཤེས་བྱ་སྤྱིའོ་ཁོག་འབུབས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༢༠༣
[9] སྨན་པ་རྣམས་ཀྱི་མི་ཤེས་སུ་མི་རུང་བའི་ཤེས་བྱ་སྤྱིའོ་ཁོག་འབུབས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༢༠༧
[10] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༣༢༨
[11] རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༧༧
[12] རྣམ་ཐར་བསྡུས་པ་གྲུབ་མཆོག་རྗེས་དྲན། དཔེ་ཚུགས་མཚོན་ལྡན་བྲིས་མ། ཤོག་གྲངས་ ༤ན༢
[13] གསོ་རིག་སྨན་གྱི་ཁོག་འབུགས། པོད། ༼༡༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༡༢༤
[14] ཁོག་འབུགས། ༡༥༧།༡༣]
[15] http://www.mentsee.org/pages/posts/ སྨན་པ་ཚེ་རིང་མཚམས་གཅོད།
[16] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༨༦
[17] ནམ་མཁའ་གྲགས་པ། སྣར་ཐང་གསེར་ཕྲེང་། ༼ང༽ བྲིས་མ་དབུ་ཅན། ཤོག་གྲངས་ ༤༢ན༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༠༥ ནས་ ༣༡༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།