ཆ༽ དཔལ་ལྡན་ཟླ་གྲགས་དགུང་ལོ་ཇི་ཙམ་བཞུགས་མིན།
དེ་ཡང་ཀུན་མཁྱེན་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་ཐེག་པ་ཆེན་པོ་དབུ་མའི་བརྒྱུད་རིམ་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་མཛེས་ལས[1]།
གྲུབ་པའི་མཆོག་བརྙེས་དཔལ་ལྡན་ཟླ་བ་གྲགས། །སྨྲ་བའི་གཙུག་རྒྱན་རིགས་པའི་ཁུ་བྱུག་གཉིས། །
བལ་པོའི་པཎ་ཆེན་བི་ཧ་ར་ལ་སོགས། །དངོས་གྲུབ་མཆོག་བརྙེས་རྣམས་ལ་ཕྱག་འཚལ་ལོ། །
ཞེས་ཆེ་བསྟོད་མཛད་ཡུལ་གྱི་གྲུབ་མཆོག་དཔལ་ལྡན་ཟླ་བ་གྲགས་པ་འཇིག་རྟེན་འདིར་དགུང་ལོ་ཇི་ཙམ་བཞུགས་སམ་ཞེ་ན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ (982-1054) མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ལས[2]། སློབ་དཔོན་ཟླ་གྲགས་ཀྱང་འཕགས་པ་ཀླུ་སྒྲུབ་ཀྱི་མན་ངག་གིས་བདེན་པའི་བྱིན་རླབས་མངའ་བ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཐུགས་སུ་ཆུད་པ་འཛམ་བུའི་གླིང་དུ་ལོ་བཞི་བརྒྱར་བཞུགས་ནས་གཞན་གྱི་དོན་འབའ་ཞིག་མཛད་པ་ཡིན་ནོ། །ཞེས་གསུངས་ལ། ཇོ་བོ་ཡབ་སྲས་གསུམ་གྱིས་ལྷ་ཆོས་མི་ཆོས་གནད་ཀྱི་དྲི་བ་དྲིས་ལན་མཛད་པ་ལས[3]། འབྲོམ་རྗེས་ཇོ་བོ་ལ་གསོལ་བའི་ནང་ནས།
ཐུབ་མཆོག་བལྟམས་པ་བརྒྱད་ཅུའི་དུས་སུ་གཤེགས། །ཀླུ་སྒྲུབ་སྙིང་པོ་དྲུག་བརྒྱ་བཞེས་ནས་འདས། །
ཟླ་བ་གྲགས་པ་བཞི་བརྒྱའི་དུས་ནས་ཡལ། །རིག་པའི་ཁུ་བྱུག་སུམ་བརྒྱའི་དུས་ན་བཞུད། །
རྡོ་རྗེའི་སྐུ་ཡང་ཡར་ལ་བསྒྲེས་ནས་གདའ། །
ཞེས་གསུངས་པ་ལྟར་དཔལ་ལྡན་ཟླ་བ་གྲགས་པ་དགུང་ལོ་བཞི་བརྒྱ་བཞུགས་པར་གསུངས། འོན་ཀྱང་ཇོ་ནང་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[4]། སླད་ཀྱིས་མ་ནུ་བྷཾ་ག་ཞེས་བྱ་བའི་རི་ལ་སྔགས་ཀྱི་ལམ་ལ་བརྟེན་ནས་དངོས་གྲུབ་མཆོག་ཐོབ་པར་བཞེད་པས། ཡུན་རིང་དུ་བཞུགས་ནས་འཇའ་ལུས་སུ་སོང་བར་སྔགས་ཀྱི་སློབ་དཔོན་རྣམས་འདོད་དེ། བོད་ཀྱི་ལོ་རྒྱུས་ལྟར་ན་དགུང་ལོ་སུམ་བརྒྱ་བཞུགས་པ་དང༌། རྡོའི་སེང་གེ་ལ་ཆིབས་ནས་ཏུ་རུཥྐའི་དམག་བཟློག་པའི་མཛད་པ་ཁྱད་པར་ཅན་བསྟན་པར་འདོད་དེ། ཕྱི་མ་ནི་དེ་ལྟར་བྱུང་བར་རུང་ལ། སྔ་མ་ནི་འཇའ་ལུས་སུ་གྱུར་ན་འཆི་བ་མེད་པ་ཡིན་པས་ལོ་སུམ་བརྒྱས་ཆར་ཡང་མི་བཟོད། རྣམ་སྨིན་རགས་པའི་སྐུ་ལུས་ཀྱིས་མི་ཡུལ་དུ་དེ་ལྟར་བཞུགས་པར་འདོད་ན་ནི་མི་འཐད་པར་མངོན་ནོ། །ཞེས་གསུངས་སོ།།
གཞན་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[5]། སློབ་དཔོན་ཟླ་བ་གྲགས་པ་འདི་ནི། རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་ནང་ཚན་ཞིག་ཀྱང་ཡིན་ཏེ། བླ་མ་རྡོ་རྗེ་གདན་པས་གྲུབ་ཆེན་བརྒྱད་ཅུ་ལ་བསྟོད་པ་ (གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་) ལས[6]།
འཇམ་དཔལ་སྐུ་ཡི་སྤྲུལ་པར་འཁྲུངས། །ཀླུ་སྒྲུབ་དགོངས་པ་ཐུགས་སུ་ཆུད། །
ཟླ་བ་གྲགས་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །
ཞེས་བསྟོད་པར་མཛད་དོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་ལམ་གྱི་རིམ་པའི་གནད་རྣམས་ལ་ངེས་པ་ཕུལ་ཕྱིན་བསྐྱེད་པ་ལ་སློབ་དཔོན་བདག་ཉིད་ཆེན་པོ་འདི་ལ་གསོལ་བ་འདེབས་པ་དང་། འདིའི་གཞུང་རྣམས་ལ་ཐོས་བསམ་གྱིས་འཇུག་པ་ཤིན་ཏུ་གལ་ཆེའོ།།
སློབ་དཔོན་འདི་ལ་སྙིང་ནས་གསོལ་བ་བཏབ་ན་བྱིན་རླབས་མྱུར་དུ་འཇུག་སྟེ། སློབ་དཔོན་འདི་ནི་རྡོ་རྗེའི་སྐུ་བརྙེས་ནས་ད་ལྟའང་འཛམ་བུའི་གླིང་ན་གདུལ་བྱའི་དོན་མཛད་བཞིན་པ་ཡིན་པ་ནི་སྔོན་པཱ་ཚབ་ལོ་ཙཱ་བས་སློབ་དཔོན་འདི་ལ་དད་ཅིང་གུས་པས་ཡུན་དུ་གསོལ་བ་བཏབ་སྟེ་ཁ་བ་ཅན་གྱི་ལྗོངས་འདིར་དབུ་མའི་ལམ་སྲོལ་བཟང་པོ་འདི་རྒྱ་ཆེར་འཕེལ་ན་ཅི་མ་རུང་སྙམ་སྟེ་རྒྱ་གར་དུ་ཕེབས་པས་སློབ་དཔོན་ཟླ་བ་གྲགས་པས་དངོས་སུ་ཞལ་བསྟན་ཏེ། གདམས་པ་དང་རྗེས་སུ་བསྟན་པ་རྒྱ་ཆེར་སྩལ་ཞིང་། བོད་དུ་དབུ་མའི་ལམ་སྲོལ་རྒྱ་ཆེར་སྤེལ་ནུས་པར་བྱིན་གྱིས་བརླབས་པ་ལྟར་རོ། །ཞེས་གསུངས་པ་ལྟར། བསྟན་འཛིན་ལུང་རྟོགས་ཉི་མས་ (1974-?) མཆོག་གིས་མཛད་པའི་སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས[7]། ཀྱང་དེ་བཞིན་དུ་བྱུང་ངོ་།།
དེ་བཞིན་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བློ་གསལ་ཀུནྡའི་དགའ་སྟོན་ལས[8]།
ཐ་མར་མ་ནུ་བྷཾ་ག་ཞེས་བྱའི་རིར། །གསང་སྔགས་ཐབས་ལམ་ཟབ་མོའི་འཕྲུལ་འདེགས་བརྟེན། །
མཆོག་གི་དངོས་གྲུབ་ཐོབ་སྟེ་འཇའ་ལུས་སུ། །སོང་ཞེས་ཡོངས་སུ་གྲགས་ལ་གསོལ་བ་འདེབས། །
རྡོ་རྗེའི་སྐུ་བརྙེས་ད་ལྟའང་འཛམ་གླིང་ན། །དངོས་སུ་བཞུགས་པ་པ་ཚབ་ལོ་ཙྪ་བས། །
གུས་པས་ཞལ་མཇལ་ལོ་རྒྱུས་ཤེས་པར་གསུངས། །རྩེ་གཅིག་དད་པའི་ཡིད་ཀྱིས་གསོལ་བ་འདེབས། །
ཐུན་མོང་སྣང་ངོར་བསྟན་འགྲོར་སྨན་པའི་སླད། །དགུང་ལོ་སུམ་བརྒྱའི་བར་དུ་འཚོ་ཞིང་བཞུགས། །
རྡོ་ཡི་ཀ་བར་ཕྱག་མི་ཐོགས་པ་སོགས། །འཕྲུལ་སྤྱོད་རྣམ་མང་སྟོན་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། ༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ (1653-1705) མཛད་པའི་པད་དཀར་འཛིན་པ་ངུར་སྨྲིག་གར་རོལ་ལྔ་པ་སྡོམ་བརྩོན་རྒྱལ་པོའི་ཚུལ་འཆང་བ་དྲུག་པར་འཕོས་པའི་གཏམ་རྣ་བའི་བཅུད་ལེན་ཡིད་ཀྱི་ཀུན་དགའ་ལས[9]། པཎ་ཆེན་ཟླ་བ་གྲགས་པ་མདོ་ལུགས་སུ་མི་ལོ་སུམ་བརྒྱ་བཞུགས་ནས་མྱ་ངན་ལས་འདས་པ་དང༌། སྔགས་ལུགས་སུ་མ་ནུ་བྷཾ་ག་ཞེས་པའི་རིར་སྔགས་ལམ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ཐོབ། ཡུན་རིང་དུ་བཞུགས་ཏེ་འཇའ་ལུས་སུ་གྲུབ་པ་ལས་ཐུགས་དམ་ལ་མ་བཞུགས། ཞེས་མདོ་སྔགས་ཀྱི་ལུགས་སོ་སོར་ཕྱེ་ནས་དགུང་ལོ་ཇི་བཞུགས་གསལ་བར་གསུངས་ལ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་གྲུབ་མཐའ་ལས[10]། སྐུ་ཚེའི་སྨད་དུ་རང་ཉིད་ཀྱི་འཁྲུངས་ཡུལ་ལྷོ་ཕྱོགས་རྒྱུད་དུ་བྱོན་ནས་ལྷ་ཁང་དང་དགོན་པ་མང་པོ་བཏབ། དགུང་ལོ་སུམ་བརྒྱ་ཙམ་བཞུགས་ཟེར་བ་བདེན་མིན་ཇི་ལྟར་ཡང་སྐུ་ཚེ་རིང་པོ་བཞུགས་པར་མངོན་ཏེ་ཁོང་གི་སློབ་མ་རིགས་པའི་ཁུ་བྱུག་ཆེ་བ་དང༌། དེའི་སློབ་མ་རིགས་པའི་ཁུ་བྱུག་ཆུང་བ་ (བླ་མ་བྱམས་པའི་རྣལ་འབྱོར་པ་) ཡིན་ལ། དེའི་སློབ་མ་ཇོ་བོ་ཆེན་པོ་ཨ་ཏི་ཤ་ཡིན་ཅིང༌། ཇོ་བོ་ཆེན་པོ་ནི་བོད་ཀྱི་རབ་བྱུང་གོང་གི་ཆུ་རྟ་ (ཕྱི་ལོ་༩༨༢) ལོར་སྐུ་འཁྲུངས་པ་དང༌། དགུང་ལོ་དྲུག་ཅུ་རེ་གཅིག་པ་བོད་ཀྱི་རབ་བྱུང་དང་པོའི་ལྕགས་འབྲུག་ (ཕྱི་ལོ་ ༡༠༤༠) ལོའི་ལོ་མཇུག་ལ་རྒྱ་གར་ནས་བལ་ཡུལ་བརྒྱུད་མངའ་རིས་སུ་ཕེབས་པ་ཡིན་པས་མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་ཚེའི་སྨད་དུས་རབས་དང་པོ་འགོ་ཚུགས་པ་ནས། ཇོ་བོ་ཆེན་པོ་འཁྲུངས་པའི་བར་དུས་རབས་དགུ་ལ་ལོ་དགུ་བརྒྱ་ལྷག་ཙམ་ཡོད་པ་ཚང་མས་མཁྱེན་གསལ་ལྟར་སངས་རྒྱས་ཆོས་ལུགས་ལ་ལྷག་བསམ་རྣམ་དག་གིས་དད་མོས་བྱེད་མཁན་ཚོས་དེ་ལ་དོགས་པ་རྩ་བ་ནས་བྱེད་ཀྱི་མེད་ཀྱང༌། ལོ་རྒྱུས་དངོས་གཙོ་སྨྲ་བའི་ལུགས་ལྟར་བྱས་ན་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་བརྫུན་བཟོ་ཡིན་པའི་གཞི་འཛིན་ས་ལྟ་བུ་གྱུར་འདུག་པས་བརྟག །ཅེས་གསུངས་པ་ལྟར། བསྟན་རྩིས་གསལ་བའི་ཉིན་བྱེད་ལས་དཔལ་ལྡན་ཟླ་བ་གྲགས་པ་དགུང་ལོ་ ༡༠༠ བཞུགས་པ་དང་། རྒྱ་གར་ཆོས་འབྱུང་དང་། ལྔ་པ་དྲུག་པར་འཕོས་པའི་གཏམ་རྣ་བའི་བཅུད་ལེན། ཀུན་མཁྱེན་གྲུབ་མཐའ་ཆེན་མོ། དུང་དཀར་གྲུབ་མཐའ་བཞི་ལས་དགུང་ལོ་ ༣༠༠ བཞུགས་པ། ལམ་སྒྲོན་དཀའ་འགྲེལ་ལས་དགུང་ལོ་ ༤༠༠ བཞུགས་པ་དང་། དེ་མཚུངས་སུམ་པ་ཆོས་འབྱུང་ལས་དགུང་ལོ་སུམ་བརྒྱའམ་བཞི་བརྒྱར་བཞུགས་པ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་དགུང་ལོ་ ༥༠༠ བཞུགས་ཚུལ་གསུངས་པ་བཅས་བཞེད་ལུགས་མི་མཐུན་པ་མང་དུ་སྣང་ལ། དཔལ་ལྡན་ཟླ་བ་གྲགས་པའི་བསྟོད་པ་ངོ་མཚར་ཚིགས་བཅད་མ་ལས[11]།
དཔལ་ལྡན་ཟླ་བ་གྲགས་པ་ཡིས། །མཆོག་གསང་རྡོ་རྗེ་སྙིང་པོའི་དོན། །
རྟོགས་ཏེ་འཕོ་ཆེན་དྭངས་མའི་སྐུ། །སྐྱེ་ཤི་སྤངས་པ་ངོ་མཚར་ཆེ། །
ཞེས་གསུངས་པ་ལྟར་འཇའ་ལུས་སུ་ཕེབས་པ་དང་། རྡོ་རྗེའི་སྐུ་བརྙེས་ནས་ད་ལྟའང་འཛམ་གླིང་ནང་གདུལ་བྱའི་དོན་མཛད་བཞིན་བཞུགས་པར་འདོད་མཁན་ཡང་མཆིས་སོ།།
དེ་ལྟར་དཔལ་ལྡན་ཟླ་བ་གྲགས་པ་དུས་ནམ་ཞིག་སྐུ་འཁྲུངས་མིན་བཞེད་ཚུལ་མང་ལ་དོགས་གཞི་ཆེ་བ་མ་ཟད། དཔྱད་མཐར་གྲུབ་དོན་འཇོག་དཀའ་བ་སྟེ། དེ་ཡང་དང་པོ་དཔལ་ལྡན་ཟླ་གྲགས་ཀྱི་གསུང་རྩོམ་ལས་ཟླ་གྲགས་བྱོན་པའི་དུས་རབས་བརྟག་པ་དང་། གཉིས་པ་དཔལ་ལྡན་ཟླ་གྲགས་ཀྱི་རྣམ་ཐར་ལས་དུས་རབས་བརྟག་པ། གསུམ་པ་དཔལ་ལྡན་ཟླ་གྲགས་ཀྱི་བླ་སློབ་བྱོན་སྔ་ཕྱིའི་ཆ་ནས་དུས་རབས་བརྟག་པ་བཅས་ལས། དཔལ་ལྡན་ཟླ་བས་མཛད་པའི་གསུང་རྩོམ་སྐོར་རྒྱའི་ཡིག་ཆར་གསལ་བ་ལྟར་ན། ཕྱི་ལོའི་དུས་རབས་གཉིས་པ་ཡས་མས་སུ་བྱོན་པར་གསལ་བས། ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་འཕགས་བོད་ཀྱི་སྐྱེས་ཆེན་དམ་པ་དུ་མས་གསུངས་པ་དོན་ལ་གནས་ཤིང་། དེ་ལྟར་དུ་ངོས་འཛིན་བྱེད་ཆོག་པ་དང་། གཞན་ཡང་དཔལ་ལྡན་ཟླ་བ་གྲགས་པའི་གསུང་རྩོམ་འགའ་ཞིག་དང་། ལྷག་པར་དེང་གི་ཆོས་འབྱུང་ལྟར་ན་ཕྱི་ལོའི་དུས་རབས་བདུན་པའི་ནང་བྱོན་པ་ཞིག་ཡིན་པར་མ་ཟད། དཔལ་ལྡན་ཟླ་གྲགས་སློབ་དཔོན་ཆོས་སྐྱོང་དང་། མཁན་པོ་ཟླ་བ་མགོན་པོའི་སློབ་མ་དང་། རིགས་པའི་ཁུ་བྱུག་ཆུང་བ་སྟེ་བྱམས་པའི་རྣལ་འབྱོར་བའི་དགེ་བའི་བཤེས་གཉེན་ཡིན་པ་སོགས་སུ་གྲུབ་འདུག །དེས་ན་ཁོང་གི་མཚན་ལ་ཟླ་བ་གྲགས་པ་ཞེས་ཐོགས་དོན་ཡང་ཁོང་ཟླ་བ་མགོན་པོ་ལས་རབ་བྱུང་སྒྲུབ་པས་ཡིན་ངེས་ལྟ་བུར་འདུག་པས་དཔྱད་གཞི་ཆེན་པོ་ཞིག་གོ། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རོང་སྟོན་ཤཱཀྱའི་རྒྱལ་མཚན་གྱི་གསུང་ཐོར་བུ། ༼ཁ༽ དཔེ་གཟུགས། ཤོག་གྲངས་ ༡༥ན༢
[2] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ ༦༤ པ། ཤོག་གྲངས་ ༡༧༥༥
[3] བློ་གཏེར་དབང་པོའི་གསུང་འབུམ། པོད། ༼ཆ༽ དྷྲཱིཿནིཤཱསྟྲཾ། བློ་སྦྱོང་། ཤོག་གྲངས་ ༢༣བ༢
[4] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༨༣
[5] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༣༣
[6] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚུ༽ དེབ་ཨང་ ༤༡ པ། ཤོག་གྲངས་ ༩༣༨
[7] སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ། ༢༠༠༤ ལོ། ཤོག་གྲངས་ ༡༢༤
[8] ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཟླ་བསྟོད་དགའ་སྟོན། དཔེ་རིང་། ཤོག་ ༡ན༡ ནས་ ༣བ༦ བར།
[9] ལྔ་པ་དྲུག་པར་འཕོས་པའི་གཏམ་རྣ་བའི་བཅུད་ལེན། ཤིང་དཔར། དཔེ་གཟུགས། ཤོག་གྲངས་ ༩༠ན༤
[10] དུང་དཀར་གྲུབ་མཐའ། རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༡༡ ལོ། ཤོག་གྲངས་ ༢༤༣
[11] བསྟོད་པ་ངོ་མཚར་ཚིགས་བཅད་མ། འཁྱུག་ཡིག་བྲིས་པ། དཔེ་ཐུང་། ཤོག་གྲངས་ ༡བ༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༢༣ ནས་ ༤༢༩ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།