༦༽ ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན།
ལོ་ཙཱ་བ་ས་པཎ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི། ས་སྐྱ་གོང་མ་རྣམ་ལྔའི་ནང་གི་བཞི་པ་སྟེ། རབ་བྱུང་གསུམ་པའི་ཆུ་སྟག་ཕྱི་ལོ་ ༡༡༨༢ ལོར་ས་སྐྱར་ཡབ་དཔལ་ཆེན་འོད་པོ་དང་། ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་མིང་ལ་དཔལ་ལྡན་དོན་གྲུབ་ཅེས་ཞུ། རྗེས་སུ་ཁུ་བོ་གྲགས་པ་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་རྒྱལ་མཚན་ཞེས་གསོལ།
དགུང་ལོ་ཆུང་དུས་ནས་བཟུང་ཚད་མ་རིག་པ་དང་། བཟོ་རིག་པ། གསོ་བ་རིག་པ། ཕར་ཕྱིན། དབུ་མ། འདུལ་བ། མཛོད། གསང་སྔགས་རྒྱུད་སྡེ་བཞི་ལ་སོགས་པ་འཆད་ཉན་དང་ལག་ལེན་འཁྱོལ་ཐུབ་པའི་མཁས་པར་གྱུར། དེའི་སྐབས་སུ་རྒྱ་གར་ལྷོ་ཕྱོགས་པའི་མུ་སྟེགས་མཁས་པ་འཕྲོག་བྱེད་དགའ་བོ་སོགས་རྩོད་པས་བཏུལ་ནས་རལ་པ་བྲེགས། དགུང་ལོ་ཉེར་གསུམ་པར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་ལྔ་པར་ས་སྐྱའི་གདན་སའི་ཁྲིར་ཕེབས། ཆོས་ཀྱི་འཆད་ཉན་ཡུན་རིང་མཛད་ནས་སྐལ་ལྡན་བུ་སློབ་མང་དུ་བསྐྱངས། དགུང་ལོ་རེ་གཉིས་པར་སོག་པོའི་རྒྱལ་པོ་ཨོ་གོ་ཏའི་སྲས་གཉིས་པ་གོ་དན་གྱིས་གདན་ཞུས་ལྟར་ཚ་བོ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། འགྲོ་མགོན་ཕྱག་ན་རྡོ་རྗེ་འཁོར་དང་བཅས་པ་ལང་གྲུར་ཕེབས། དགུང་ལོ་རེ་བཞི་པར་རྒྱལ་པོ་གོ་དན་དང་ཞལ་འཛོམས་མཛད་ནས་བོད་ཁམས་གཅིག་གྱུར་ཡོང་བར་ཕན་པའི་སྐུར་ཡིག་བོད་ལ་བཏང་ཞིང་། བོད་ཁམས་གཅིག་གྱུར་ཡོང་བར་མཛད་རྗེས་རླབས་པོ་ཆེ་འཇོག་མཁན་ཞིག་ཡིན། རབ་བྱུང་བཞི་པའི་ལྕགས་ཕག་ཕྱི་ལོ་ ༡༢༥༡ ལོར་ཡུལ་ལང་གྲུར་གཤེགས།
གསུང་རྩོམ་ནི། ཐུབ་པའི་དགོངས་པ་རབ་ཏུ་གསལ་བའི་བསྟན་བཅོས་དང་། ཚད་མ་རིགས་གཏེར་སོགས་པོད་གསུམ་བཞུགས་ལ། སྒྱུར་རྩོམ་ནི། བཀའ་འགྱུར་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་རྒྱན་གྱི་བཀོད་པ་དང་། འཕགས་པ་གསང་བ་ནོར་བུའི་ཐིག་ལེ། འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ཀྱི་རྒྱལ་པོ། བསྟན་འགྱུར་ལས། ཟུང་དུ་འཇུག་པ་གསལ་བ་དང་། ཚོགས་ཀྱི་འཁོར་ལོའི་ཆོ་ག །ལྷག་པར་འགྲན་ཟླ་མེད་པའི་མཁས་པ་ཆེན་པོ་དཔལ་ཆོས་ཀྱི་གྲགས་པས་མཛད་པའི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལེགས་སྦྱར་ནས་བོད་སྐད་དུ་བསྒྱུར་བ་སོགས་བཞུགས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༤༡ ནས་ ༤༤༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།