ཀླུ་སྒྲུབ་ཀྱི་ལོ་རྒྱུས་དང་དེའི་རྒྱབ་ལྗོངས་ཕྲན་བུ།

ཀླུ་སྒྲུབ་ཀྱི་ལོ་རྒྱུས་དང་དེའི་རྒྱབ་ལྗོངས་ཕྲན་བུ།
རྩོམ་པ་པོ། འབྲུག་ལྗང་ལོ།
དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་དཔལ་མགོན་འཕགས་པ་ཀླུ་སྒྲུབ། བྲམ་ཟེ་འབྱོར་ལྡན་གཉིས་ཀྱི་རིམ་གྲོ་ཡིས་བཏོན་པའི་ཁྱེད་ཀྱི་རྣམ་ཐར་གྱི་འགོ་མ་ནི། ལེགས་པར་མཇལ་ཚེ། རྣམ་ཐར་དེ་ནི་དངོས་སྟོབས་རིག་པ་ཡིས་སྒྲུབ་ནུས་པ་ཞིག་ཚོར་འོང་། འོན་ཏེ་ནཱ་ལེནྡྲའི་སྒོ་ཁ་རུ་འབྱོར་ཏེ་ས་ར་ཧས་དྲུང་དུ་གཤེགས་པ་ནི་ཧ་ཅང་ངོ་མཚར་བ་སྟེ།
རིགས་བདག་གི་ལྷ་ཆེན་པོ་ཚེ་ལྷ་གཙོ་འཁོར་དང་བཅས་པས། དབང་མཆོག་བཀུར། དབུགས་དབྱུང་མཛད། དེ་ནས་སླར་ཡང་འཇིག་རྟེན་དུ་འཚོ་བའི་དབུ་ཁྱུད་གསར་པ་བྲིས། དེ་ཚེ་སྒྲོ་བཏགས་ཀྱི་ཚིག་སྤུ་མི་ལོང་བའི་གང་གི་རྣམ་པ་ཐར་པ་ནི། དངོས་ཡོད་ཀྱི་གནས་ཚུལ་མཛེས་ཆོས་དང་ལྡན་པ་ཞིག་སྟེ། མཁན་པོ་སྒྲ་གཅན་འཛིན་བཟང་པོའི་དྲུང་དུ་བསྙེན་པར་རྫོགས། དེ་ཡང་ཕ་མའི་བཀའ་བཀྱོན་གནང་ཐབས་མེད་པ་ཞིག་བྱུང་བ་ཡིན་ཏེ། སྒྲ་གཅན་འཛིན་ནམ་ས་ར་ཧ་པས་བྱིན་མཐུ་ཡི་ནུས་རྩལ་མིན་ན་འཆི་བ་ནི་དོགས་ཟོན་མེད་པ་ཞིག་བྱུང་ཡོད་པ་གསལ་པོ་རེད། དེ་ཚེ་བསྟན་ལ་བཀུར་སྟི་གང་འཁྱོངས་ཀྱིས། མུ་གེས་མནར་བའི་ཉམ་ཐག་གི་གྲོང་ཁྱེར་ནས་གསེར་འགྱུར་རྩི་ཡི་ཤེས་རབ་ཆེན་པོས། དགེ་འདུན་པ་གང་མང་མང་ཞིག་ཚེ་སྲོག་ལས་བསྐྱབས། དུས་དེར་ནཱ་ལེནྡྲའི་དགེ་འདུན་པ་རྣམས་ཀྱིས་གྲོང་ཁྱེར་གྱི་འཚོ་བ་ནི་རྟོགས་ཧ་ཅང་དཀའ་བས། འདུ་འཛི་མེད་པའི་དབེན་ཁྲོད་དུ། ཐོས་བསམ་སྒོམ་བཟླས་ཀྱི་བྱ་བ་ཙག་ཙིག་གཉོར་བ་ལས། གཞན་བྱ་བྱེད་མེད་པ་ནི་མངོན་མཐོང་ལྷག་གེར་ཏེ། དཔེར་ན་དགེ་སློང་དཔལ་ལྡན་ཁོང་གིས་གསེར་འགྱུར་རྩི་བསྒྲུབས་ཟིན་པའི་མི་ལོ་དུས་མའི་རྗེས་སུ་གཞི་ནས་དགེ་འདུན་པས་གྲོང་ཁྱེར་གྱི་མི་རིད་པ་དང་། འཆི་བ་སོགས་ཀྱི་གནས་ཚུལ་གསལ་པོར་ཤེས་ནས་དགེ་འདུན་པའི་གདུགས་ཚོད་སྦྱར་བ་ལ་སོམ་ཉི་བྱས། ཡིན་ཡང་ཁོང་ཅག་ཀུན་དབང་ཆ་གཅིག་པུ་ལ་མ་ལྟོས་པར་བཅས་ཁྲིམས་དང་མི་འགལ་བའི་ངང་། སེམས་སུ་དཔལ་ལྡན་གང་གི་སྐུ་དྲིན་ཡིད་ལ་འཁོར་ཡང་། དེ་ཚེ་ཁོང་ཅག་ཚོས་ཆེས་གལ་ཆེ་བ་ནི། དམ་ཆོས་འདུལ་བ་དང་མཐུན་པའི་ཉམས་ལེན་བྱེད་ཚུལ་ཁོ་ན་ལ་ཡིད་རྟོན་བྱེད་པ་ཡིན་པས། དེ་ཡང་དཔལ་ལྡན་གང་ལ་བཀའ་བཀྱོན་གནང་སྟེ། དགེ་འདུན་ལོག་འཚོ་ཡི་ལམ་དུ་འཁྲིད་གྲབས་བྱེད་པར་འདུག་ཅེས་པའི་ཐ་ཚིག་བསྒྲགས་ཏེ། གནས་ནས་ཕྱུང་ངོ་། །འོན་ཀྱང་ཁོང་ནི་དྲིན་ལ་དྲིན་ལན་མེད་པའི་ཐུགས་སྐྱོ་ཤས་ཀྱིས་མནར་ཡང་། དེའང་རྐྱེན་ངན་གྲོགས་སུ་ཤར་ཏེ་སྟོང་དང་རྟེན་འབྲེལ་གྱི་ཉི་འོད་སྤྲོ་བའི་རྟེན་འབྲེལ་ཐོག་མ་ནི་དེ་ནས་དབུ་བཙུགས་པར་སྙམ། དུས་དེར་དམ་པ་གང་གི་ཡིད་ལ་ལྷན་ནེར་འཆར་བའི་རྣམ་ཐར་གྱི་ཟློས་གར་ནི་གང་ཞིག་གི་སྣང་བརྙན་ཡིན་ཞེས་དྲིས་ན། འོད་སྲུང་ཆེན་པོའི་དགེ་འདུན་གྱི་གྲལ་ནས་གནས་དབྱུང་བཏང་བའི་ཤཱཀྱ་ཐུབ་པའི་ཉེ་གནས་ཀུན་དགའ་བོའི་སྣང་བརྙན་དེ་ཡིན་པར་སྙམ་སྟེ། དམ་པ་ཞིག་སྐྱོ་ཤས་དེ་ལྟར་གྱིས་མནར་གཅོད་གཏོང་བའི་ཚེ། རང་ལ་ལེ་བདའ་མི་བྱེད་པས་སྙིང་སྟོབས་དགུ་འགྱུར་དུ་བསྐྱེད་དེ་སྔོན་བྱོན་གྱི་རྣམ་ཐར་དེ་ལྟའི་ཁྲོད་ནས། རླབས་ཆེན་གྱི་སྐྱེས་བུ་གང་ཞིག་གིས་འགག་འཕྲང་དེ་ལྟར་བརྒལ་ནས་ཡིད་དུ་འོང་བའི་མདུན་ལམ་དང་ལམ་ལྷོངས་ཇི་ལྟར་ཡོང་བ་ལྟར་དུ་བྱེད་པ་ཡིན་པས། དཀའ་ཡང་མི་འདོར། སྐྱོ་ཡང་མི་བཞག་པར། བརྩོན་པའི་བརྟུལ་ཞུགས་ཀྱིས། ཆེས་མཛེས་སྡུག་ལྡན་པའི་བྱ་བཞག་ཅིག་འཇོག་པ་ལ་དམིགས་འདུན་གཏད་དེ། ཡང་ཡང་གོམས། ཡང་ཡང་འབད་པས་མཐར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་སྒྲུབ་ཐོབ་ཡོད་ཚོད་གདའ་འོ། །
དེ་དུས་ནས་ཀྱང་ཁོང་ནི་དཀྱེལ་ཡངས་པའི་ཡིད་ཀྱི་མཚོ་མོའི་ཁར། ཆགས་སྡང་གི་དུག་རླངས་མ་འདྲེས་པ་ཞིག་ཡིན་པར་སྨོས་མི་དགོས་ཏེ། འཁོན་སེམས་བྲལ་བའི་མུ་མཐའ་ཡས་པའི་ཐུགས་རྗེ་ཡིས། སླར་ཡང་ནང་བསྟན་ཀྱི་ཆོས་གྲྭའི་ཏོག་དམ་པ། ནཱ་ལེནྡྲར་གཟིགས་པ་རྒྱ་ཆེར་གནང་སྟེ། དགེ་སློང་བདེ་བྱེད་སོགས་རྩོད་རྙོག་གིས་སུན་ཕྱུང་བའི་གང་ཟག་གང་དག་རིགས་གདུལ་བའི་ཆེད། རྟོག་གེའི་རིག་རྩལ་བརྡལ། རྟེན་འབྱུང་སྲོང་པོར་གྱེར་རོ། །
དེ་རྗེས་སྒྲུང་ཚིག་ལྟར་དུ་སྣང་བའི་ལོ་རྒྱུས་ཀྱི་དབུས་མ་ནི། དངོས་སྟོབས་ཀྱི་རིགས་པ་ཁོ་ན་བརྟེན་པའི་དེང་གི་གང་ཟག་ཁྱུ་གཅིག་གིས་ཁས་ལེན་པར་དཀའ་མོད། དག་སྣང་གི་རི་མོ་མ་ཡལ་བའི་འུ་ཅག་གི་སེམས་ངོར། གནོན་སྦྱིན་གྱི་འདམ་ཁྱེར་ཤོག་གསུངས་པའི་གཏམས་དག་ནི། མངོན་ཤེས་ཀྱི་བདག་རྐྱེན་ལས་བྱུང་བ་ཞིག་ཡིན་པས། ཀླུ་རྒྱལ་པོས་སྤྱན་འདྲེན་པའི་སྤོས་ངད་ཀྱིས་དྲི་ཞིམ་ཀློང་། ཡིད་ལ་བརྣགས་པ་ནི། མཆོད་རྟེན་གྱི་རྒྱུ་ཆ། འདམ་ལེན་པའི་འདུན་པ་དང་།  ངེས་ལེགས་ཀྱི་ཐེམ་སྐས། འབུམ་གདན་འདྲེན་གྱི་བསམ་གཞིག་གོ །དེའང་ཚོད་ཚོད་དུ་ཞུས་ན། དེང་སྔོན་དགེ་སློང་དཔལ་ལྡན་གྱིས་འབུམ་འགའ་ཤིག་ལ་ལྟ་ཀློག་མི་དགོས་པར་ལྟ་བ་རྒྱུད་ལ་འཁྲུངས་པ་ནི་ཧ་ཅང་དཀའ་བས། གདན་འདྲེན་པའི་འབུམ་ཞེས་པ་ནི་འབུམ་ནང་གི་ཁ་ཡར་བ་ཙམ་ཞིག་སྟེ། དེ་དུས་མི་ཡུལ་དུ་བྱོན་མ་མྱོང་བ་ཞིག་ཡིན་པ་ནི་ངེས་ཤེས་བརྟན་པོར་རྙེད་འོང་། དེ་ནས་དགེ་འདུན་པས་སྔར་བསྒོས་པའི་མཆོད་རྟེན་དག་བཞེངས་ཚེ། ཀླུས་ཀྱང་སྡོང་གྲོགས་མཛད་པས་མང་ཆེ་ཤོས་ལེགས་པར་གྲུབ། འོན་ཏེ་འགའ་ཞིག་མ་གྲུབ་པ་ནི་ཀླུས་རམ་བསྐྱོར་མ་བྱས་པར་གདའ་སྟེ། སླར་ཡང་ཀླུ་ཡུལ་དུ་མ་བྱོན་པའི་སྡུག་ཡུས་ཀྱིས། ཀླུས་དེ་གར་བཞག་པས། ཀླུ་དག་གིས་རམ་བསྐྱོར་མ་བྱས་ན་བཞེངས་དཀའ་བ་དེའང་གྲུབ་སྟེ། ཕལ་ཆེར་གྲུབ། འགའ་ཞིག་ཀླུ་ཡུལ་དུ་མི་འགྲོ་བའི་ཕྱིར་མ་བྱས་ཏེ། ཞེས་སོ། །
དེ་ནས་བྱ་བའི་འཕྲོ་མ་ཞིག་ལུས་ཡོད་པ་ནི། གཙུག་ལག་ཁང་བཞེངས་སྐྲུན་བྱེད་པ་རྣམས་ཡིན་པས། ཤར་ཕྱོགས་པ་ཊ་བེ་སར་བྱོན་ནས་ལྷ་ཁང་དུ་མར་བཞེངས། དུས་དེར་ཙ་ན། བྱིས་པ་ཛི་ཏ་ཀའི་ལག་རིས་བལྟས་ནས་རྒྱལ་པོར་ལུང་བསྟན་ཞེས་པ་ནས།“མི་རོ་རྩེ་སྒྲུང་གི་ལོ་རྒྱུས་བྱུང་”བ་ཞིག་ཡིན་ནམ། ཕྱིས་སུ་ཀླུ་སྒྲུབ་ཀྱི་ལོ་རྒྱུས་དང་སྦྱར་བ་ཞིག་གང་ཡིན་ན་ནི་མི་གསལ་མོད། འོན་ཏང་དབུ་དེ་ནས་བཟུང་བར་སྙམ། ཕྱིར་ཁོར་ཡུག་གི་བསྟན་པ་བཞེངས་བསྐྲུན་བྱས་པ་ནི་མདོར་བསྡུས་ཙམ་མཇུག་བསྒྲིལ་ལོ། །
དེ་ནས་འདས་འཁྲུངས་ཀྱི་ལོ་ཚིགས་གསལ་ཁ་སོར་སྐྱེ་ཚོས་བརྗོད་དུ་མི་གཏུབས་པའི་དམ་པ་གང་ནི། ལོ་དྲུག་བརྒྱར་བསྟན་པའི་བྱ་བ་མཛད། ལོ་དྲུག་བརྒྱའི་མཇུག་ཙམ་ཞིག་ལ། རྒྱལ་པོ་མཐར་འགྲོ་ཞོན་ནམ་བདེ་སྤྱོད་བཟང་པོ་ནི། བྱིས་པ་ཛི་ཏ་ཀ་ཞེས་ལག་རིས་གཟིགས་པར་དེ་ཡིན་ནམ་སྙམ། གང་མི་རོ་རྩེ་སྒྲུང་ཀློང་གི་རྒྱལ་བུ་བདེ་སྤྱོད་བཟང་པོ་དེའོ། །དེའི་བུ་གཞོན་ནུ་ནུས་ལྡན་ནི་གོ་ས་ལ་འཛེགས་འདོད་དྲགས་པས་མཚམས་མེད་ཀྱི་ལས་ཀྱང་འཇིགས་དངངས་མི་སྐྱེ་བས། ཕ་འཆི་བའི་དོན་དུ་མས་བསྐུལ་བར་ལྟར། དཔལ་གྱི་རི་ལ་སློབ་དཔོན་ཀླུ་སྒྲུབ་བཙལ་དུ་སོང་། དུས་དེར་རྒྱལ་པོ་བདེ་སྤྱོད་བཟང་པོས་ཀྱང་། ཡིད་ལ་རྒྱལ་པོ་ཞིག་གི་ལོ་རྒྱུས་ཀྱི་སྣང་བརྙན་ཞིག་ལམ་མེར་འཁོར་ཡོང་བ་ནི། མ་སྐྱེས་དགྲས་ཡབ་ཀྱིས་སྣང་བརྙན་དེ་ག་རང་འཆར་འོང་སྲིད། དེ་ཡང་ཁོང་གི་གནས་བབ་ལ་ལྟོས་ན་དེ་དག་ནི་ཅུང་བློ་འགྱོད་མེད་པར་དྲགས་ཏེ། མ་སྐྱེས་དགྲ་ནི་བློན་ངན་གྱིས་བསྐུལ་མ་ཐེབས་པ་ཡིན་ལ། བུ་ནུས་ལྡན་ནི་རང་གི་ཨ་མས་སྐུལ་བ་ཞིག་ཡིན་པས། ཁྱོ་ག་ཞིག་ལ་མཚུངས་ན་ཆེས་སྙིང་ལ་གཟན་པ་ནི་རང་གི་ཆུང་མས་ཉེར་འཚེ་གཏོང་བ་དེ་ཡིན་སྲིད། འོན་ཀྱང་ལོ་རྒྱུས་དེར་རྒྱབ་ལྗོངས་གཞན་ཞིག་ནས་འཚོལ་ན་ཏན་ཏན་བདེ་བྱེད་ཀྱི་ཡུམ་ནི་རྒྱལ་པོ་བདེ་སྤྱོད་བཟང་པོས་ཆུང་མ་གཅིག་ཆོག་དེ་མིན་པ་ཚོར་འོང་མ་གཏོགས། ཕན་ཚུན་གཉི་ག་བློ་གཏད་ཡིད་ཆེས་ཆོག་པའི་ཆུང་མ་ཞིག་ཡིན་ན་ནི་ཏན་ཏན་བྱ་ངན་དེ་ལྟར་མི་སྒྲུབ་པ་ནི། རིགས་བཟང་རུས་བཟང་ཚང་གི་བུ་མོ་ཞིག་གི་མཛངས་ཡོན་ཡིན་ཏེ། སྔོན་རྗེ་བོ་གང་དག །ཡིད་ཆེས་ཆོག་པའི་ཆུང་མ་བསད་པའི་ལོ་རྒྱུས་ནི། “ལྷ་སྒྲུང་མུ་ཏིག་ཕྲེང་མཛེས་”གཅིག་པུ་ཙམ་སྟེ། དེ་ཡང་ལྷ་སྒྲུང་ནི་ལྷ་སྒྲུང་རང་ཡིན་པས་སོ། །
བུ་ནུས་ལྡན་ནི་གོ་ས་ཡི་ཆེད་དུ་ཚེར་མའི་ཞིང་ལའང་རྐང་རྗེན་དུ་འགྲོ་དགོས་ཀྱང་ཉམ་ང་དང་བག་ཚ་མེད་པར་མ་ཟད། རང་གི་ཟུངས་ཁྲག་དང་རུས་རྐང་བསྐྱེད་པའི་དྲིན་ཆེན་ཕ་ལའང་བརྙས་བཅོས་གཏོང་ཕོད་པའི་བསམ་བློ་མ་རབས་པ་ཞིག་ཡོད་པས། ཀླུ་སྒྲུབ་གང་གིས། རང་སྐེ་གཅོད་ལུགས་ཀྱི་ཐབས་ཇུས་ཇི་བཞིན་བསྟན། སྐབས་དེ་དུས་ཀྱི་ལོ་རྒྱུས་ལ་བསམ་གཞིག་གཏོང་ན། བསྟན་བཅོས་དག་ལས་བཤད་པའི་བྱང་ཆུབ་སེམས་པ་ཞིག་གིས་སློང་མོ་བས་དབུ་སྦྱིན་ཟེར་ཡང་དགའ་སྤྲོ་དང་བཅས་ལ་སྟེར་རོ་ཞེས་པའི་ཚིག་ནི། སྐད་ཆ་རྣལ་མ་ཞིག་སྟེ། ཀླུ་སྒྲུབ་ཀྱིས་ཀྱང་དགའ་བཞིན་སྤྲོ་བཞིན་དུ་རལ་གྲི་ཡི་དབལ་ཁ་མི་ཚུགས་པའི་རྡོ་རྗེ་ཁམས་སུ་གྲུབ་པའི་དབུ་ནི། རྣམ་སྨིན་གྱི་རང་བཞིན་ལྡན་པའི་རྩྭ་ཀུ་ཤ་ཕྲན་བུས་གཅོད་དུ་བཅུག་གོ །དེ་ནས་རེ་ཞིག་སློབ་དཔོན་ཀླུ་སྒྲུབ་ཅེས་ཡོངས་སུ་གྲགས་པའི་དམ་པ་གང་དེའི་རྣམ་པ་ཐར་པ་ཉུང་ངུ་ཙམ་རྫོགས་སོ།།  །།མངྒ་ལཾ།།

Leave a Reply

Your email address will not be published. Required fields are marked *