ག༽ མགོན་པོ་ཀླུ་སྒྲུབ་ཀྱི་མཚན་གྱི་རྣམ་གྲངས།

ག༽ མཛད་པ་པོའི་མཚན་གྱི་རྣམ་གྲངས།

 

འཕགས་པ་ཀླུ་སྒྲུབ་བདག་ཉིད་ཆེན་པོ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ་ས་དྲུག་པའི་བྱང་ཆུབ་སེམས་དཔའ་ཡིན་ཡང་ས་དང་པོའི་བྱང་ཆུབ་སེམས་དཔར་བྱིན་གྱིས་བརླབས་པས་མཛད་པའི་བསྟན་བཅོས་ཁག་གི་མཛད་བྱང་དང་། བསྟན་འགྱུར་དཀར་ཆག་ཁག་ཏུ་གསལ་བའི་མཛད་པ་པོའི་མཚན་བོད་སྐད་དུ་ཀླུ་སྒྲུབ་ཅེས་གསལ་བའི་ཆོས་ཚན་ཁག་  ༡༤༥ བཞུགས་ཤིང་། ཀླུ་སྒྲུབ་ཅེས་པའི་མཚན་གྱི་སྔོན་དུ་ཆེ་བསྟོད་ཀྱི་སློབ་དཔོན་དང་། སློབ་དཔོན་ཆེན་པོ། འཕགས་པ།

རྡོ་རྗེ་ཐེག་པ་ཆེན་པོ་པ། བདག་ཉིད་ཆེན་པོ། དགེ་སློང་[1]། དཔལ་ལྡན། རྗེ་བཙུན། སློབ་དཔོན་མཁས་པ། མཁས་པ་ཆེན་པོ། དཔལ་བཅས་ཁག་ ༡༡ དང་། གཞན་ཡང་དེ་དག་གི་ཁྲོད་ནས་ཀླུ་སྒྲུབ་སྙིང་པོའི་མཛད་བྱང་གསལ་བའི་ཆོས་ཚན་ ༦ བཞུགས་པ་ལས། ཀླུ་སྒྲུབ་སྙིང་པོའི་མཚན་ཟུར་དུ་སློབ་དཔོན་དང་། སློབ་དཔོན་ཆེན་པོ། འཕགས་པ་བཅས་ཁག་གསུམ་གསལ་ལ། ཡང་ཀླུ་སྒྲུབ་ཅེས་པའི་མཚན་གྱི་རྗེས་སུ་ནག་པོ་ཞེས་གསལ་བ་གཅིག་དང་། ཀླུ་སྒྲུབ་ཞབས་ཞེས་གསལ་བ་གཅིག་བཅས་མཆིས། དེ་མིན་ལེགས་སྦྱར་གྱི་མཚན་ནཱ་གཱརྫུ་ན་ཞེས་གསལ་བའི་ཆོས་ཚན་ ༨ བཞུགས་ཤིང་། ལེགས་སྦྱར་གྱི་མཛད་བྱང་གསལ་བའི་མཚན་ཟུར་དུ་སློབ་དཔོན་དང་། འཕགས་པ། དགེ་སློང་། ཨཱ་ཙཱརྱ་ཨཱརྱ།[2] པཎྜི་ཏ་བཅས་ཁག་ལྔ་གསལ་བ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དེ་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། དགེ་སློང་ཞེས་བྱ་ཆོས་ཀྱི་རྒྱལ་མཚན་ཏེ། །དགེ་སློང་ཞེས་བྱ་རྡོ་རྗེའི་སྲོག་ཤིང་ཡིན། །དགེ་སློང་ཞེས་བྱ་དུཿཁ་སྤོང་བ་ཡིན། །དགེ་སློང་ཞེས་བྱ་རྒྱལ་བའི་སྲས་པོ་ཡིན། །དགེ་སློང་ཞེས་བྱ་ཉོན་མོངས་སྲོག་གཅོད་དེ། །དགེ་སློང་ཞེས་བྱ་ཐར་པའི་ལམ་བགྲོད་ཡིན། །དགེ་སློང་རང་གི་ངོ་བོ་བསྡམས་པ་སྟེ། །ཞེས་གསུངས་པ་ལྟར་རོ།།

[2] ཨཙརྱ་སྟེ་སློབ་དཔོན་ཞེས་འབོད་པ་ལ་ཟུར་ཆག་ནས་ཨཙར་སོང་བ་ན། འགའ་ཞིག་གིས་རྒྱ་གར་ན་ཨཙརའི་ཡུལ་དང་སྐད་སོགས་ཟུར་དུ་ཡོད་པ་སྐད་ཀྱང་བྲིས་སོ། །ཞེས་ (གཏམ་རྒྱུད་གསེར་ཐང་མ། དེབ། ༼༢༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༩༢ ཐོག་གསལ།)

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥༡ ནས་ ༢༥༢ བར་གསལ་བ་ལས་བཏུས་པའོ།།

 

Leave a Reply

Your email address will not be published. Required fields are marked *