ག༽ ཐང་སན་ལམ་ཡིག་ཏུ་གསལ་བའི་རྣམ་ཐར།
༡༽ མགོན་པོ་ཀླུ་སྒྲུབ་དང་ཨརྱ་དེ་བ་མཇལ་ཚུལ།
ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་གམ་ཡོངས་གྲགས་ཐང་སན་ (603-664) ལམ་ཡིག་ལས[1]། གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་མི་རིང་བར་གཙུག་ལག་ཁང་ཞིག་གི་ལོགས་སུ་མཆོད་རྟེན་རྒྱལ་པོ་ཨ་ཤོ་ཀས་བཞེངས་པ་ནི། སྟོན་པས་ཆོ་འཕྲུལ་ཆེན་པོ་བསྟན་ཏེ་མུ་སྟེགས་པ་བཏུལ་ཞིང་། ཕྱིས་སུ་མགོན་པོ་ཀླུ་སྒྲུབ་ཀྱི་སྦྱིན་བདག་རྒྱལ་པོ་ས་རྭ་བ་ཧཱ་སྟེ་ཡང་དག་འདྲེན་པ་ཞེས་བྱ་བས།
མགོན་པོ་ཀླུ་སྒྲུབ་བཀུར་བསྟིའི་ཕྱིར་དུ་ཕོ་བྲང་གི་སྒོ་བཞིར་སྲུང་མ་བཞག་སྟེ། མི་གསར་པ་བྱུང་བ་ན་གང་བྱུང་བྱུང་ནང་དུ་མི་གཏོང་བ་ལ། སྐབས་ཤིག་ཨརྱ་དེ་བ་སིངྒ་ལའི་ཡུལ་ནས་བྱོན་ཏེ། སྒོ་སྲུང་བ་ལ་ཁྱོད་མགོན་པོ་ལ་སྦྲོན་ཞིག་ཅེས་པ་ལྟར་ཞུས་པས། མགོན་པོས་རིང་མོ་ཞིག་ནས་འཕགས་པ་ལྷའི་སྙན་པ་གསན་པས་མཉེས་ཏེ། ཆུ་གཙང་ལྷུང་བཟེད་ཆུས་གང་བ་ཐོགས་ཏེ་ཉེ་གནས་ལ་གཏད་དེ་ཨཱརྱ་དེ་བ་ལ་སྟོན་ཅིག་གསུངས་སོ། །ཉེ་གནས་ཀྱིས་དེ་བཞིན་བྱས་པས་ཨཱརྱ་དེ་བས་ཅི་ཡང་མི་ཟེར་བར་ཁབ་ཅིག་ལྷུང་བཟེད་ཀྱི་ནང་དུ་བོར་རོ། །དེ་ནས་ཉེ་གནས་ལོག་ནས་ཚུལ་དེ་ཞུས་པས། སློབ་དཔོན་གྱིས་ཨ་ཙ་མ་མཁས་པར་གྲགས་པ་དོན་ལ་གནས་སོ་གསུངས་སོ།།
དོན་དེ་དྲིས་པ་ན་ཆུ་ཞེས་པ་སྐོམ་སེལ་ཞིང་། བསིལ་བ་དང་དབྱིབས་རང་བཞིན་གྱིས་མ་གྲུབ་པ་སྣོད་ལ་རག་ལས་ཤིང་རྙོག་དྭངས་རྐྱེན་ལ་ལྟོས་སོ། །ལྷུང་བཟེད་ཆུས་གང་བ་ནི་བདག་གི་རྒྱུད་ཡོན་ཏན་གྱིས་གང་བའི་བརྡ་ཡིན་ནོ། །ཁོང་གིས་ཁབ་ཅིག་བཞག་པ་ནི་ཤེས་རབ་རྣོ་བ་དེས་མཐར་འཁྱོལ་བའི་བརྡ་ཡིན་ནོ་གསུངས་ཤིང་སློབ་མའི་མཆོག་ཏུ་མཛད་དོ། །སློབ་མ་མང་པོ་ཡོད་ཀྱང་བསྟན་པའི་སྙིང་པོ་ནི། ལྷོ་ཕྱོགས་དཔལ་གྱི་རི་ལ་གཤེགས་ཁར་ཨཱརྱ་དེ་བ་གཅིག་པུ་ལ་གཏད་པ་ཡིན་ནོ་གསུངས་སོ། །དེ་ནས་ནང་དུ་བཏང་བར་ཞལ་མཇལ་མ་ཐག་དགའ་བ་དཔག་མེད་བྱུང་སྟེ་ཡན་ལག་ལྔ་ས་ལ་གཏུགས་ཏེ་ཕྱག་འཚལ་ཞིང་མཇལ། གྲོགས་རྙིང་འཕྲད་པ་ལྟར་ཐུགས་ཡིད་གཅིག་ཏུ་འདྲེས་པར་གྱུར་ཏོ།།
༢༽ མགོན་པོ་ཀླུ་སྒྲུབ་མགུལ་བཅད་པའི་ལོ་རྒྱུས།
ཡང་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་གམ་ཡོངས་གྲགས་ཐང་སན་ (603-664) ལམ་ཡིག་ལས[2]། མགོན་པོ་ཀླུ་སྒྲུབ་སྨན་མང་དུ་ཐོས་པ་མན་ངག་གི་ཐབས་ཟབ་མོ་མང་པོ་ལ་མཁས་པས་འཆི་མེད་ཚེའི་རིག་འཛིན་བརྙེས་པ་ཡོན་བདག་རྒྱལ་པོ་ཡང་ཚེ་མགོན་པོ་རང་ཉིད་དང་མཉམ་པར་ཐུབ་པར་བྱིན་གྱིས་བརླབས་པས་ལོ་བརྒྱ་ཕྲག་དུ་མ་ལོན་ཀྱང་། མཆོད་ཡོན་གཉིས་བགྲེས་རྒུད་མི་མངའ་བས། རྒྱལ་པོ་ལ་ཐ་ཆུང་ཞིག་ཡོད་པ་རྒྱལ་སྲིད་ལ་རིངས་པའི་བློ་སྐྱེས་ནས་ཡུམ་ལ་དྲིས་པ་ནམ་ཞིག་རྒྱལ་ས་འཐོབ། ཡུམ་གྱིས་སྨྲས་པ། དུས་ནི་ཤེས་དཀའ་སྟེ་ཡབ་ལོ་བརྒྱ་ཕྲག་དུ་མ་ལོན་ཞིང་བུ་ཚ་མང་པོ་དག་རྒས་ཤིང་འཁོགས་ནས་ཚེའི་དུས་བྱས་པ་མང་པོ་བྱུང་ཞེས་པས། བུ་ཐབས་རྡུག་ཏེ་ཡིད་མུག་པས། ཡུམ་གྱིས་སྨྲས་པ། རེ་ཞིག་ཡིད་མུག་མ་བྱེད་ཅིག་ཁྱོད་ཀྱི་ཕ་ཚེ་རིང་བ་ནི་མགོན་པོ་ཀླུ་སྒྲུབ་ཀྱི་མཐུ་ཡིན་ཏེ། སློབ་དཔོན་རང་གི་ཚེ་དང་མཉམ་པར་བྱིན་གྱིས་བརླབས་པས། མགོན་པོ་འདས་ན་ཡབ་རྒྱལ་པོ་ཡང་འགྲོང་བས་ཁྱོད་སོང་ལ་མགོན་པོའི་དབུ་སློང་ཞིག །ཁོང་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་པས་སྟེར་བའང་སྲིད་ཅེས་སྨྲས་པས། རྒྱལ་བུ་སློབ་དཔོན་གྱི་དྲུང་དུ་སོང་ནས་སྦྱིན་པའི་བསྔགས་པ་དང་ལོ་རྒྱུས་མང་དུ་ཞུས་ཤིང་མཐར་དབུ་སློང་ངོ་།།
དེར་སློབ་དཔོན་གྱིས་སྙིང་བརྩེ་སྐྱེས་ནས་མཉམ་པར་བཞག་སྟེ་གཟིགས་པས། རྩྭ་ཀུ་ཤ་དང་ལས་འབྲེལ་ཡོད་པ་གཟིགས་ནས་ཀུ་ཤའི་ལོ་མས་མགུལ་བཅད་དེ་སྦྱིན་པ་ན་རལ་གྲི་རྣོན་པོས་ཕྲལ་བ་བཞིན་དུ་གྱུར་ཏོ། །དེར་རྒྱལ་བུ་སྐྲགས་ཏེ་བྲོས་སོ། །ཡབ་ཀྱང་དེ་མ་ཐག་གྲོངས་སོ། །སྔར་རྒྱལ་པོ་ཡང་འདྲེན་གྱིས་གཙུག་ལག་ཁང་བཞེངས་པ་ཅུང་ཟད་མ་རྫོགས་པས་ཡང་དག་འདྲེན་སེམས་ལས་སུ་གྱུར་པར། སློབ་དཔོན་གྱིས་སྐྱོ་སངས་མཛད་ཅིང་གསེར་འགྱུར་གྱིས་རྡོ་བ་མང་པོ་གསེར་དུ་བསྒྱུར་ནས་གཙུག་ལག་ཁང་མ་ལུས་པར་གྲུབ་ཅིང་། གསེར་རྐྱང་གིས་གཙང་ཁང་ཆེན་པོ་རིམ་པ་ལྔ་པ་ཞིག་བཞེངས་སོ།།
ཐོག་ཁང་དུ་སྟོན་པའི་གསེར་སྐུ་ཆེ་བ་དང་། གསུང་རབ་མང་པོ་གླེགས་བམ་དུ་བྲིས་ནས་བསྒྲིགས། བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པ་ཉན་ཐོས་རྣམས་ཀྱིས་གསུངས་པའི་བསྟན་བཅོས་དག་བསྒྲིགས་སོ། །དེ་དག་ནི་མཆོད་གནས་ཀྱི་གཙོ་བོ་ཡིན་ནོ། །གསེར་ལྷག་མ་ཊཾ་ཀ་བྱེ་བ་དགུ་ཡོད་པ། མགོན་པོ་འདས་རྗེས་མི་རིང་ཙམ་ན་ཕྱི་རབས་པ་སྐྱ་སེར་ཐམས་ཅད་ཀྱིས་བགོ་བཤའ་བྱས་པ་མ་སྙོམས་པས། དགེ་འདུན་རྣམས་ཕན་ཚུན་རྩོད་པས་འཐོར་རོ། །ད་ལྟ་དགེ་འདུན་གཅིག་ཀྱང་མེད་པས་གཙུག་ལག་ཁང་གོག་པོ་ཙམ་དུ་འདུག་པར་འཚོ་བྱེད་འགའ་གནས་ནས་གཞན་ཕན་བྱེད་ཀྱིན་འདུག་གོ །ཞེས་བྱུང་ངོ་།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཐང་སན་ལམ་ཡིག །ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༢༥༤
[2] ཐང་སན་ལམ་ཡིག །ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༢༥༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༠༡ ནས་ ༥༠༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།