ཀླུ་བསངས་དངོས་གྲུབ་རྣམ་བཞི་འདོད་དགུའི་ཆར་འབེབས།

༄༅། །ཀླུ་བསངས་དངོས་གྲུབ་རྣམ་བཞི་འདོད་དགུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།[1]

 

༄༅། །ན་མོ་གུ་རུ། སློབ་དཔོན་ཀླུ་སྒྲུབ་སྙིང་པོས་ཀླུའི་དབྱངས་སྙན་པའི་བུ་ལ་གསུངས་སོ། །ཀླུ་ལ་བསངས་པའི་དུས་ནི། ཀླུའི་རྗེ་རིགས་དཔྱིད་ཟླ་ར་བའི་ཉལ་ལངས། རྒྱལ་རིགས་དེ་དང་འདྲ། བྲམ་ཟེའི་རིགས་དབྱར་ཟླ་ར་བའི་ཚེས་བརྒྱད་ལ་ལངས། དམངས་རིགས་དབྱར་ཟླ་ར་བའི་ཉལ་ལངས། གདོལ་པའི་རིགས་དབྱར་ཟླ་བའི་ཡར་ཚེས་ལ་ལངས། དེ་ནས་དུས་དང་མཐུན་པར་ཀླུའི་མཆོད།

བསངས་མཆོད་དང་། ཀླུ་མཆོད་པའི་ལས་བཞི་མཐུན་པར་བྱའོ། །དངོས་གྲུབ་ཐམས་ཅད་འབྱུང་ངོ་། །དུས་དང་མི་མཐུན་བདག་ཅག་ལ་གནོད་པས། དེ་ནས།

ཀྱཻ། དེ་རིང་ཉི་མ་ཐམས་ཅད་དགེ་བ་ཡིན། །རྒྱུ་སྐར་ཐམས་ཅད་བཟང་བ་ཡིན། །སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །དགྲ་བཅོམ་ཐམས་ཅད་ཟག་པ་ཟད། །བདེན་པ་འདི་དང་འདི་དག་གིས། །བསང་མཆོད་འབུལ་བས་འགྲུབ་གྱུར་ཅིག། །

ཀྱཻ། དུས་གསུམ་ལྷ་ཡི་གཞལ་ཡས་འདི། །ཀླུ་རྒྱལ་དགའ་བོ་ཉེར་དགའ་བོ། །ཤཱཀྱའི་བསྟན་པ་གནས་པ་དང་། །ཆོས་འཁོར་དགེ་ལ་གནས་པ་དང་། །ཀླུ་རྒྱལ་འཁོར་དང་བཅས་པ་བསངས། །ཀླུ་རྒྱལ་མ་དྲོས་གཟི་ཆེན་དང་། །མཐའ་ཡས་དང་ནི་འཇོག་པོ་དང་། །དགའ་བོ་དང་ནི་ཉེར་དགའ་བོ། །ཀླུ་རྒྱལ་འཁོར་དང་བཅས་པ་བསངས། །དཔལ་གྱི་འོད་དང་འོད་པོ་ཆེ། །གཟུགས་མཛེས་གཟུགས་སྐུ་ཟ་མ་དང་། །ཀླུ་མོ་དཀར་པོ་འོད་འབར་མ། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཀླུ་རྒྱལ་འཁོར་དང་བཅས་པ་བསངས། །

ཀྱཻ། འཛམ་བུ་གླིང་ལ་ཤར་ཕྱོགས་ན། །རིན་ཆེན་བདུན་གྱི་གུར་ཁང་ནི། །གར་སྐར་གཉན་གྱི་མངའ་བདག་མོ། །མཚོ་རྒྱལ་གཡུ་ཡི་མངའ་བདག་བསངས། །མ་དྲོས་མཚོ་ཡི་དབུས་ན་བཞུགས། །ཀླུ་དང་མཚོ་སྨན་གཙོ་བོ་སྟེ། །རིན་ཆེན་མཛེས་པའི་གདན་ལ་བཞུགས། །ཀླུ་རྒྱལ་འཁོར་དང་བཅས་པ་བསངས། །ཀླུ་མོ་བཀྲ་ཤིས་ཚེ་རིང་མ། །པདྨའི་སྤྱན་དང་གསལ་བྱེད་མ། །སྐུ་མདོག་དཀར་པོ་འོད་ཟེར་པ། །དར་དཀར་མཛེས་པའི་གོས་སུ་མ། །ཀླུ་རྒྱལ་འཁོར་དང་བཅས་པ་བསངས། །རིན་ཆེན་མཛེས་པའི་མཚོ་དགའ་བདག །གཡུ་ཡི་ཟུར་ཕུད་ལང་ཚོ་ཅན། །དུར་སྤལ་དཀར་པོ་དོ་ཤལ་ཅན། །གཡས་ན་གསེར་གྱི་གླིང་བུ་འབུད། །གཡོན་ན་དངུལ་གྱི་མེ་ལོང་འཛིན། །འཁོར་ནི་ཀླུ་སྨན་སྣོད་དང་། །རྣལ་འབྱོར་གཡོན་གྱི་བདག་པོ་ཡིས། །གདོན་དང་གནོད་པ་སེལ་བའི་ཕྱིར། །ཁྱེད་ལ་མཆོད་པ་འབུལ་བ་ནི། །དཀར་གསུམ་མངར་གསུམ་མཆོད་པ་དང་། །འོད་དང་མཛེས་པའི་རིན་ཆེན་འདི། །དྲི་ཞིམ་ཤིང་སྣ་དུད་པ་དང་། །སྨན་མཆོག་བཟང་དྲུག་དྲི་ཞིམ་དང་། །འོ་མར་ཐུད་མ་སོགས་པ་ཡིས། །དཀར་གསུམ་འོ་མའི་རྒྱ་མཚོ་འབུལ། །ཀླུ་ཡི་སྡེ་ཚོགས་མཉེས་གྱུར་ཅིག །ཀླུ་ཡི་དགྲ་ཀུན་ཞི་གྱུར་ཅིག །ཀླུ་ཡི་ཕྲག་དོག་ཞི་གྱུར་ཅིག །ཀླུ་ཡི་ནད་རྣམས་ཞི་གྱུར་ཅིག །ཀླུ་ཡི་དབང་ཐང་རྒྱས་གྱུར་ཅིག །བཀྲ་ཤིས་པར་གྱུར་ཅིག།།

ཧཱུཾ། རྒྱ་མཚོ་ཆེན་པོ་དྭངས་པའི་དབུས། །རིན་ཆེན་གཞལ་ཡས་ཁང་པ་ནི། །པདྨ་ཟླ་བའི་གདན་སྟེང་དུ། །ཀླུ་རྒྱལ་མ་མགོས་དཀར་པོ་ནི། །ཀླུ་ཆེན་གཙུག་ན་རིན་ཆེན་དང་། །ཀླུ་མོ་མ་དྲོས་གཟི་ཆེན་དང་། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །ནོར་ལྷ་ཆེན་པོ་བཞི་ཡིས་བསྐོར། །ཀླུ་དང་ས་བདག་འཁོར་དང་བཅས། །རང་རང་སོ་སོའི་གནས་མཆོག་ནས། །ཐོགས་པ་མེད་པར་བཞུགས་སུ་གསོལ། །ཨོཾ་ལས་རིན་ཆེན་སྣོད་ཡངས་སུ། །ལྷ་མིའི་ཟས་སྣ་སྨན་སྣའི་ཚོགས། །དཀར་གསུམ་མངར་གསུམ་ཟས་སྣ་དང་། །རིན་ཆེན་གཏེར་གྱི་སྨན་དྲུག་དང་། །ཤུག་སྔོན་གཡུ་ཡི་ལོ་མ་དང་། །སུར་དཀར་བྱི་རུ་ལན་ཚར་ཅན། །མཁན་སྔོན་གཡུ་ཡི་ལོ་མ་དང་། །སྤ་ཉུག་ལ་སོགས་(ཕྱེ་མར་ཞལ་ཟས་)འོལ་གོང་འདི། །འབྱུང་བ་མེ་ལ་སྲེག་པ་ཡིས། །རྣམ་རྒྱལ་སྟོབས་བཅུ་རྒྱལ་པོ་བསངས། །ནོར་རྒྱས་དུང་སྐྱོང་མཐའ་ཡས་བསངས། །རིགས་ལྡན་འཇོག་པོ་པ་ན་བསངས། །མཐུ་ལྡན་ཀླུ་ཆེན་བརྒྱད་པོ་བསངས། །ནོར་ལྷ་དང་ནི་ས་བདག་བསངས། །ཀླུ་རྣམས་འཁོར་བཅས་ཐམས་ཅད་བསངས། །ལྷ་ཀླུ་གཞི་བདག་འཁོར་བཅས་བསངས། །བསོད་ནམས་འདི་ཡིས་ཐུགས་དམ་བསངས། །དྲི་ཞིམ་ཡིད་འོང་འདི་ཡིས་བསངས། །འདི་ལྟར་བསང་བའི་བྱིན་རླབས་ཀྱིས། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ནོར་ཟས་ཀྱི་དངོས་གྲུབ་སྩོལ། །འབྲུ་སྣ་བདུན་གྱི་དངོས་གྲུབ་སྩོལ། །རིན་ཆེན་བདུན་གྱི་དངོས་གྲུབ་སྩོལ། །རྐང་གཉིས་མི་ཡི་དངོས་གྲུབ་སྩོལ། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །གོས་ཆ་གོས་ཀྱི་དངོས་གྲུབ་སྩོལ། །སྙན་པ་སྒྲ་ཡི་དངོས་གྲུབ་སྩོལ། །སྙན་གྲགས་མཐུ་ཡི་དངོས་གྲུབ་སྩོལ། །ཚེ་དང་དཔལ་གྱི་དངོས་གྲུབ་སྩོལ། །མཛམ་གླིང་གཏེར་གྱི་དངོས་གྲུབ་སྩོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །སྭོ་སྭོ་ཆེའོ་ལྷ་རྒྱལ་ལོ། །ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའོ།།  །།བཀྲ་ཤིས།།

༈ གཞན་ཡང་ཀླུ་སྒྲུབ་སྙིང་པོས་མཛད་པའི་ཀླུ་རྒྱལ་པོ་ཐེབས་དང་པོ་སྟག་ཟླ་བ་ལ། ༧།༩།༡༢ ༡༦།༢༥ འདི་ཉིན་ལ་ཀླུ་ཐམས་ཅད་རྩ་བའི་ཆོས་ཉན་ཀླུ་ཐེབས་སོ། །

༈ ཡོས་ཟླ་བ་ལ། ༧།༡༠ ༡༢།༢༡ འདི་ཉིན་ལ་ཀླུ་བསྟན་བརྙེད་པས་ཐེབས་ལ་གཏོར་བཏང་ཀླུ་ཐམས་ཅད་བདག་གཞན་གཉིས་ཀའི་བྲན་དུ་བཀོལ།

༈ འབྲུག་ཟླ་བ་ ༥།༡༤ ༢༢།༢༥ ལ་ཀླུ་བཀའ་གྲོས་བྱེད་པས་ཐེབས་ཡོད་པས་ཚེས་བཟང་ངོ་།།

༈ སྦྲུལ་ཟླ་བ་ལ། ༡༥།༡༩།༢༣ ༡༥།༣༠ འདི་ཉིན་ལ་ཀླུ་ཁྲིམས་བསྲུང་བས་ཐེབས་ཡོད་པས་ཚེས་བཟང་ངོ་།།

༈ རྟ་ཟླ་བ་ལ། ༡།༧ ༡༥།༡༩།༢༣ འདི་ཉིན་ལ་ཀླུ་ལས་བྱེད་པས་ཐེབས་ཡིན། ཀླུ་གཏོར་བཏང་ན་བཟང་ངོ་།།

༈ ལུག་ཟླ་བ་ལ། ༡༨།༢༥ ༡༩།༣༠ འདི་ཉིན་ལ་ཀླུ་འབྲུ་ཟན་འཚོལ་བས་ཐེབས་ཡིན་པས་གཏོར་མ་བཏང་ན་བཟང་ངོ་།།

༈ སྤྲེའུ་ཟླ་བ་ལ། ༡༦།༢༡ ༩།༡༩ ཀླུ་འབྲུ་བཅུད་འཚོལ་བས་ཐེབས་ཡོད་པས་གཏོར་མ་བཏང་ན་བཟང་ངོ་།།

༈ བྱ་ཟླ་བ་ལ། ༥།༡༥ ༡།༡༡ ༢༣།༢༩ འདི་ཉིན་ལ་ཀླུ་གོས་གྱོན་པའི་ཐེབས་ཡོད་པས་བཏང་ན་ཟས་གོས་ཕུན་སུམ་ཚོགས་པའི་དངོས་གྲུབ་འབྱུང་ངོ་།།

༈ ཁྱི་ཟླ་བ་ལ། ༡།༡༡། ༢༡ ༢༢།༢༣ འདི་ཉིན་ལ་ཀླུ་ཤིང་བཅུད་བསྡུད་པས་ཐེབས་ཡོད་པས་གཏོར་མ་བཏང་ན་ལོངས་སྤྱོད་དང་ལྡན་པར་འགྱུར་རོ།།

༈ ཕག་ཟླ་བ་ལ། ༨།༡༥།༡༨ འདི་ཉིན་ལ་ཀླུ་ཟས་ཁྲིམས་བསྲུང་བས་ཐེབས་ཡོད་པས་མཆོད་ན་ཀླུ་རྣམས་ཀྱི་དོན་འགྲུབ་པར་འགྱུར་རོ།།

༈ བྱི་བ་ཟླ་བ་ལ། ༡༡།༣།༤ འདི་ཉིན་ལ་ལས་བྱེད་པས་ཐེབས་ཡོད་པས་གཏོར་མ་བཏང་ན་བདེ་སྐྱིད་ཆེ་བར་འགྱུར་རོ།།

༈ གླང་ཟླ་བ་ལ། ༢།༢ ཀླུ་རྣམས་ཉལ་བས་ཐེབས་ཟློག་གཉིས་ཀའང་འབྱུང་ངོ་། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཀླུ་ཐེབས་ཀྱི་རྩིས་ལུགས་སོ། །དགེའོ།།  །།[2]

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] གནམ་ས་སྣང་བརྒྱད་ཅེས་བྱ་བའི་ཐེག་པ་ཆེན་པོའི་མདོ་སོགས། ༼༡༽ ཤོག་གྲངས་ ༧༥ ནས་ ༨༨ བར་བཞུགས་པའི་བྲིས་མ་དཔེ་ཐུང་ཤོག་བུ་བདུན་ཅན་ལས་བཏུས་པའོ།།

[2] བཅོམ་ལྡན་འདས་མི་གཡོ་བའི་སྒྲུབ་ཐབས་གོ་བདེ་བར་བརྗོད་པ་བཻ་ཌཱུརྱའི་འཕྲེང་བ་སོགས། པོད། ༼༡༽ ཤོག་གྲངས་ ༥༩ ནས་ ༧༠ བར་བཞུགས་པའི་དབུ་ཅན་བྲིས་མ་ཤོག་བུ་དྲུག་ཅན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་ཀླུ་བསངས་མ་བཞུགས་སོ། །ཞེས་པའང་འདི་དང་གཅིག་གོ།

Leave a Reply

Your email address will not be published. Required fields are marked *