ཁ༽ གསུང་གི་མཚན་བྱང་དང་། མཛད་བྱང་སྐོར།
དེ་ལྟར་མཁས་པ་ཐམས་ཅད་ཀྱི་གཙུག་གི་རྒྱན་དུ་གྱུར་པའི་སློབ་དཔོན་སེང་གེ་བཟང་པོའི་ཞལ་སྔ་ནས་མཛད་པའི་བསྟན་བཅོས་ལ་མཚོན་ན། བསྟན་འགྱུར་གྱི་ཤེར་ཕྱིན་དང་། སྒྲ་མདོའི་སྡེ་ཚན་གཉིས་ནང་ཆོས་ཚན་ ༥ བཞུགས་པ་ལས། དང་པོ་ཤེར་ཕྱིན་གྱི་སྐོར་ལ་བཞི་སྟེ། ༡ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་དང་། ༢ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བཤད་པའམ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ།
༣ མངོན་རྟོགས་རྒྱན་སྡུད་པ་དང་སྦྱར་བའི་འགྲེལ་པའམ་བཅོམ་ལྡན་འདས་ཡོན་ཏན་རིན་པོ་ཆེ་སྡུད་པའི་ཚིགས་སུ་བཅད་པའི་དཀའ་འགྲེལ་རྟོགས་པར་སླ་བ། ༤ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་བཅས་དང་། གཉིས་པ་སྒྲ་མདོའི་སྐོར་ལ་གཅིག་སྟེ། ༡ རྣམ་དབྱེའི་ཚིག་ལེའུར་བྱས་པའམ་བརྡ་སྤྲོད་པ་ཙནྡྲ་པའི་མདོའི་རྣམ་པར་དབྱེ་བའི་ཚིག་ལེའུར་བྱས་པ་བཅས་ཆོས་ཚན་གྲངས་ ༥ བཞུགས་པ་ལས། ཆོས་ཚན་དང་པོར་ཤེར་ཕྱིར་པོད་ ༼ག༽ ༼ང༽ ༼ཅ༽ གསུམ་ནང་མཆིས་སོ།།
གོང་གསལ་བསྟན་བཅོས་ཁག་ལྔའི་མཛད་བྱང་ལྟར་ན། མཛད་པ་པོའི་མཚན་ལ་སེངྒེ་གེ་བཟང་པོ་ཞེས་བོད་སྐད་ཀྱི་མཚན་གསལ་བ་གཅིག་མཚུངས་ཡིན་ཅིང་། མཚན་ཟུར་ལ་ཆེ་བསྟོད་དང་བཅས་ཏེ་སློབ་དཔོན་ཆེན་པོ་སེང་གེ་བཟང་པོ་དང་། མཁས་པ་ཆེན་པོ་སློབ་དཔོན་སེང་གེ་བཟང་པོ། མཁས་པ་ཐམས་ཅད་ཀྱི་གཙུག་གི་རྒྱན་དུ་གྱུར་པའི་སློབ་དཔོན་སེང་གེ་བཟང་པོ། ཞེས་རིགས་གསུམ་བྱུང་བ་ལྟར་མཁས་པའི་གཙུག་རྒྱན་སློབ་དཔོན་སེངྒེ་བཟང་པོས་མཛད་པའི་བསྟན་བཅོས་ ༥ བཞུགས་པ་བསྟན་འགྱུར་གྱི་པར་མ་བཞི་གར་བཞུགས་ཐོག །བསྟན་བཅོས་ཚང་མར་རྒྱ་གར་སྐད་དང་། མཛད་བྱང་། འགྱུར་བྱང་བཅས་གསལ་བར་འཁོད་པ་ནི་སློབ་དཔོན་འདི་ཉིད་ཀྱི་བསྟན་བཅོས་ཙམ་ཡིན་ལ། ཤེར་ཕྱིན་གྱི་གཞུང་ ༤ ལ་ལེགས་སྦྱར་གྱི་མ་དཔེ་ཡང་ད་ལྟ་བཞུགས་མུས་མ་ཟད། སྒྲ་མདོའི་བསྟན་བཅོས་ཀྱི་ལེགས་སྦྱར་མ་དཔེ་མི་བཞུགས་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༦༧ ནས་ ༤༦༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།