ཉ༽ ཕྱོགས་གླིང་གིས་རྩོད་པ་དང་སྒྲུབ་པ་ཇི་ལྟར་མཛད་ཚུལ།

ཉ༽ རྩོད་པ་དང་སྒྲུབ་པ་ཇི་ལྟར་མཛད་ཚུལ།

 

དེ་ཡང་རྗེ་བཙུན་རེད་མདའ་བ་ཆེན་པོས་ (1349-1412) མཛད་པའི་འཛམ་གླིང་མཁས་པའི་རྒྱན་དྲུག་ལ་བསྟོད་པ་ལས[1]།

ཕུལ་དུ་བྱུང་བའི་བློ་གྲོས་སྟོབས་ཀྱིས་བཙུན། །

རྨད་དུ་བྱུང་བའི་ཡོན་ཏན་ཁུར་གྱིས་བརྗིད། །

ལོག་སྨྲ་འདམ་བུའི་ཚལ་རབ་འཇོམས་མཛད་པའི། །

ཕྱོགས་ཀྱི་གླང་པོའི་ཞབས་ལ་ཕྱག་འཚལ་ལོ། །

ཞེས་བསྔགས་པ་རྒྱ་ཆེར་མཛད་ཡུལ་གྱི་སློབ་དཔོན་ཕྱོགས་ཀྱི་གླང་པོས་རྩོད་པ་དང་སྒྲུབ་པ་ཇི་ལྟར་མཛད་པའི་ཚུལ་ནི། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[2]། དེ་ནས་ཨོ་ཌི་བི་ཤའི་ཡུལ་གྱི་ནགས་ཚལ་ཤིན་ཏུ་དབེན་པའི་བྲག་རིའི་ཕུག་ཅིག་ཏུ་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས། དེ་ནས་ནཱ་ལནྡྲར་མུ་སྟེགས་ཀྱི་རྩོད་པ་བྱེད་པ་བྱུང་བ་ན་སློབ་དཔོན་འདིས་ཚར་བཅད་དོ། །ཞེས་གསུངས་ལ། སྒྲུབ་པ་མཛད་ཡུལ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་བྲག་ཕུག་གི་བཀོད་པ་ཇི་ལྟ་བུ་ཞིག་ཡོད་པ་ནི། བསམ་ཡས་དཀར་ཆག་ལས[3]། གཞན་ཡང་ནུབ་ཅིག་བདག་ཉིད་ཆེན་པོ་ལ་ (ས་པཎ་) ཁྱེད་སློབ་དཔོན་ཆེན་པོ་དཔལ་ཕྱོགས་ཀྱི་གླང་པོའི་གདན་སར་བསྐོ་བས་གཤེགས་པར་ཞུ་ཟེར་ཞིང་། ཕྱོགས་ཀྱི་གླང་པོའི་རི་ཕུག་ཡིན་ཟེར་བའི་བྲག་ཕུག་སྒོ་གླེགས་དང་བཅས་པ། ངོས་རྣམས་ལ་གླེགས་བམ་མང་པོ་ཡོད་པ་ཞིག་གི་ལྡེ་མིག་གཏད་པ་རྨིས་ཏེ། དེ་ནས་ཚད་མའི་བསྟན་བཅོས་རྣམས་འབད་མི་དགོས་པར་མཁྱེན་ནོ་ཞེས་གསུངས། ཞེས་གསལ་བ་ལྟར་རོ།།

དེ་བཞིན་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས་[4]ཀྱང་། ལོ་འགའ་ཞིག་འདས་པ་ན། དཔལ་ནཱ་ལེནྡྲར་[5]མུ་སྟེགས་ཀྱི་རྩོད་པ་ཆེར་བྱུང༌། དེར་བྲམ་ཟེ་སུ་དུར་ཛ་ཡ་ཞེས་བྱ་བ་རང་གིས་བསྒྲུབས་པའི་ལྷ་མངོན་སུམ་མཐོང་བ་རྟོག་གེ་ལ་ཤིན་ཏུ་བྱང་བ་ཐུབ་པར་དཀའ་བ་ཞིག་ཀྱང་འདུས་ཏེ། དེར་སངས་རྒྱས་པ་རྣམས་ཀྱིས་རྩོད་པར་མ་ནུས་ནས། ཤར་ཕྱོགས་ནས་སློབ་དཔོན་ཕྱོགས་ཀྱི་གླང་པོ་སྤྱན་དྲངས་སོ། །མུ་སྟེགས་དེ་ལན་གསུམ་དུ་ཕམ་པར་བྱས་ཤིང༌། དེར་འཚོགས་པའི་མུ་སྟེགས་ཀྱི་རྒོལ་བ་ཐམས་ཅད་ཀྱང་རེ་རེ་ནས་སུན་ཕྱུང༌། སངས་རྒྱས་ཀྱི་བསྟན་པ་ལ་བཀོད། གནས་དེར་དགེ་འདུན་རྣམས་ལ་མདོ་སྡེ་དུ་མ་རྣམ་པར་བཤད་ཅིང༌། ཆོས་མངོན་པ་ཡང་རྒྱས་པར་བྱས། རྣམ་རིག་དང་རྟོག་གེའི་བསྟན་བཅོས་ཐོར་བུ་ཡང་མང་དུ་མཛད་དེ། ཡོངས་སུ་བསྡོམས་པ་ལ་བསྟན་བཅོས་བརྒྱ་རྩ་མཛད་པར་གྲགས། ཞེས་གསལ་བ་ལྟར། འགྲོ་མགོན་ཆོས་རྒྱལ་འཕགས་པས་ (1235-1280) མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་གཞུང་ལུགས་མ་ལས[6]།

ཡོན་ཏན་ལུས་རྫོགས་སྤོབས་པའི་སྟོབས་ཀྱིས་རྩེན། །

རྣམ་དཔྱོད་རྩལ་ལྡན་རིག་པའི་མཆེ་བ་ཅན། །

རྒོལ་བ་འདམ་བུའི་གྲོང་བཞིན་རྩད་ནས་འཇོམས། །

བསྟན་པའི་ཁུར་ཁྱེར་ཕྱོགས་གླང་ཞབས་ལ་འདུད། །

ཅེས་ཀྱང་གསུངས་སོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  རེད་མདའ་བའི་བསྟོད་ཚོགས། ༼ང༽ ཐོར་བུ། འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༨ན༢

[2]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༨༦

[3]  ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་ས་པཎ་གྱི་རྣམ་ཐར་དུ་གསལ།

[4]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༦༦

[5]  ནཱ་ལནྡཱ་ཞེས་པ་དང་། ཤྲི་ནཱལནྡཱ་ཞེས་པ་ལྟ་བུའི་བྲིས་སྲོལ་དེང་སང་ཡོངས་གྲགས་དང་། ཁྱད་པར་སྔོན་གྱི་རྡོ་ཡིག་སོགས་ལ་གསལ་ལ། བོད་ཀྱི་དཔེ་རྙིང་རྣམས་སུ་མིང་འདི་སྐོར་ཇི་ལྟར་བྲིས་ཡོད་མ་མཐོང་ལ། དེང་དུས་བོད་དཔེ་ཀུན་ལས་ནལེནྡྲ་དང་། ནལེནདྲ་ཞེས་བྱུང་བ་ནི་མ་དག་པར་མངོན་ནོ།།

[6]  ས་སྐྱ་པའི་ཞལ་འདོན་ཕྱོགས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༤༨

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥༩ ནས་ ༢༦༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *