ཅ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད། ༡༽ ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ།

ཅ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད།

༡༽ ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ།

 

ནག་ཚོ་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བ་མཆོག་ནི། (དགེ་བཤེས་གུང་ཐང་པ་ཡང་ཞུ།) རབ་བྱུང་གོང་གི་ལྕགས་མོ་ཕག་ཕྱི་ལོ་ ༡༠༡༡ ལོར་མངའ་རིས་རྫོང་དགའི་ལྷ་གདོང་ཞེས་པའི་ས་ཆར་ནག་ཚོའི་གདུང་རྒྱུད་དུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་ལ་སྦྱངས་པ་མཛད་ཅིང་། རབ་ཏུ་བྱུང་སྟེ་མཚན་ལ་ཚུལ་ཁྲིམས་རྒྱལ་བ་ཞེས་ཞུ་བ་དང་། འདུལ་བའི་ཆོས་གཞུང་ལ་ཤིན་ཏུ་མཁས་པས་འདུལ་འཛིན་པར་ཡང་གྲགས།

རྒྱ་བརྩོན་འགྲུས་སེང་གེ་ལས་མངོན་པ་མཛོད་སོགས་གསན། དགུང་ལོ་ཉེར་བདུན་པ་རབ་བྱུང་དང་པོའི་མེ་གླང་ཕྱི་ལོ་ ༡༠༣༧ ལོར་ལྷ་བླ་མ་བྱང་ཆུབ་འོད་ཀྱི་བཀའ་ལུང་ལྟར་འཁོར་ལྔ་དང་བཅས་ཕྱག་རྟེན་གསེར་སྲང་སུམ་ཅུ་སོ་གཉིས་དང་། གསེར་ལིང་པ་གཅིག་བསྐུར་བ་རྣམས་བསྣམས་ནས་རྒྱ་གར་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་འདྲེན་པར་ཕེབས་ཏེ་རབ་བྱུང་དང་པོའི་ཆུ་རྟ་ཕྱི་ལོ་ ༡༠༤༢ ལོར་ཇོ་བོ་རྗེ་བོད་ཡུལ་མངའ་རིས་སུ་གདན་དྲངས་པས་བོད་ཁམས་སྤྱི་ལ་བཀའ་དྲིན་ཆེ་བ་ཡིན་པས། བོད་སྟོན་ཐམས་ཅད་ཀྱིས་ཀྱང་སློབ་དཔོན་ཞེས་བརྗོད་པ་ཡིན། དེ་ནས་བཟུང་ཇོ་བོ་རྗེ་ལོ་བཅོ་བརྒྱད་རིང་ཚུལ་བཞིན་བསྟེན་པར་མཛད་ཅིང་། སྦས་ཆོས་ཉི་ཤུ་ཞུས་ནས་སྒྲུབ་པ་ཉམས་ལེན་མཛད་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། དེ་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[1]། ཇོ་བོའི་ཆོས་རྣམས་ཁོང་གིས་ཁུངས་ཕྱུང་ནས་ཞུར་བཅུག་པས་གཞན་རྣམས་ཀྱིས་ཀྱང་གདམས་པ་ཕལ་ཆེ་བ་ཐོབ་པས་ཁོང་བཀའ་དྲིན་ཤིན་ཏུ་ཆེ་བར་བྱེད། ནག་ཚོ་སྙེ་ཐང་ནས་མངའ་རིས་སུ་འབྱོན་ཁར་ཇོ་བོས་བསླབ་བྱ་མང་བར་མཛད་དེ། དམ་ཚིག་གསུམ་བཀོད་ཀྱི་སྐུ་ཕྱག་ཏུ་བཟུང་ནས་བྱིན་རླབས་མཛད། འདུལ་བ་མདོ་རྩ་དང༌། གསང་བ་འདུས་པའི་རྒྱུད་དཔེ་དང༌། འགྲོ་ཆོས་སུ་ཐུན་མོང་མ་ཡིན་པའི་སྤྱན་རས་གཟིགས་ཀྱི་སྒྲུབ་སྐོར་སོགས་སྦས་ཆོས་ཉི་ཤུ་གནང་། ལུང་བསྟན་མང་དུ་མཛད་དེ་ཇོ་བོ་ཉིད་ཀྱི་སྐུ་མཐེ་བོང་ཙམ་སེང་ལྡེང་ལ་བྲིས་ཏེ་གའུར་བཅུག་ནས་དཔུང་པ་ལ་བཏགས། མཉེས་མཉེས་རྒྱ་ཆེན་མཛད། དེ་ནས་ཡར་བྱོན་ནས་རས་ཁྲུ་བཅུ་དྲུག་པ་གཅིག་ལ་རི་མོ་མཁན་མཁས་པ་ཀྲི་ཥྞ་བྱ་བ་རྒྱ་གར་བ་ཞིག་ཡོད་པ་འབྲིར་བཅུག་ནས། སྟོད་ལ་ཇོ་བོའི་ཡི་དམ་གྱི་ལྷ་རྣམས་བྲིས། དེའི་འོག་ན་ཕར་ལ་ཇོ་བོའི་བླ་མ་བཅུ་གཉིས་པོ་བྲིས། དེ་ནས་ཇོ་བོ་རྗེ་ཉིད་ཀྱི་སྐུ་ཚད་ཁྲུས་གཞལ་ཏེ་བྲིས། གཡས་གཡོན་གཉིས་ན་ཉེ་གནས་རེ་ལྡེམ་སྐུར་བྲིས། གཡས་གཡོན་གྱི་མཐའ་རས་ལ་ཇོ་བོའི་མཛད་པ་རྣམས་དང༌། འོག་ན་ཚུར་ཁུ་རྔོག་འབྲོམ་གསུམ་ལ་སོགས་པ་བོད་སྟོན་རྣམས་ཆོས་གྲྭའི་ཚུལ་དུ་བྲིས། དེའི་མདུན་དུ་ལོ་ཙཱ་བ་ཉིད་གསོལ་བ་འདེབས་པའི་ཚུལ་དུ་བྲིས། དེའི་རྒྱབ་ལ་ཇོ་བོའི་བསྟོད་པ་བརྒྱད་ཅུ་པ་བྲིས། རབ་གནས་མཛད་པའི་ཚེ། ཇོ་བོ་རྗེ་ཉིད་དགའ་ལྡན་ནས་འབྱོན་པར་ཞལ་གྱིས་བཞེས་པས་འདི་ཇོ་བོ་རྗེ་ཉིད་དང་ཁྱད་མེད་པ་ཡིན། མངའ་རིས་སྐོར་གསུམ་གྱི་རྟེན་ལ་བྱིན་རླབས་ཆེ་ཤོས་ཡིན་གསུངས། དེའི་རྗེས་སུ་ཛྙཱ་ན་ཨཱ་ཀ་ར་དང་། བལ་པོ་ཤྲིནྟཾ་བྷ་དྲ། ནག་པོ་དམ་ཚིག་རྡོ་རྗེ་ལ་སོགས་པ་བསྟེན་ནས་འགྱུར་ཡང་མང་དུ་མཛད་དོ། །དེ་ནས་ཇོ་བོས་ལུང་བསྟན་པ་བཞིན་སྒྲུབ་པ་མཛད་པས་ཇོ་བོ་ཡི་གེ་དྲུག་པ། སྒྲོལ་མ། འཇམ་དཔལ་རྡོ་རྗེ་རྣམས་ཞལ་གཟིགས། ཁོང་རང་གི་ཡི་གེ་ལས་ཀྱང༌།

ནག་ཚོ་བདག་ཉིད་གཅིག་པུ་མ་གཏོགས་པ། །

ཇོ་བོའི་སློབ་མ་གཞན་ལ་ཡོད་རེ་སྐན། །

ཞེས་ཇོ་བོའི་མན་ངག་ཐུན་མོང་མ་ཡིན་པ་རྣམས་ཁོང་རང་ལ་ཡོད་པར་ཞལ་གྱིས་བཞེས་ཤིང་། ཇོ་བོ་རྗེ་བོད་དུ་གདན་འདྲེན་མཛད་པས་ལོ་ཙཱ་བ་འདི་ནི་བོད་ཁམས་ཡོངས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཞིག་གོ །ཞེས་བྱུང་བ་ལྟར་དང་། མཐར་དགུང་གྲངས་ང་དགུ་པ་རབ་བྱུང་དང་པོའི་ཤིང་འབྲུག་ཕྱི་ལོ་ ༡༠༦༤ ལོར་སྐུ་གཤེགས། འདས་ལོར་རྗེ་བསོད་ནམས་གྲགས་པས་ཀྱང་སྐུ་ཚེའང་རིང་ཤས་བཞུགས་སྣང་། ཞེས་དང་། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་དུ་གསལ་ཁ་མེད་ཀྱང་། དུང་དཀར་ཚིག་མཛོད་ཆེན་མོར་གོང་གསལ་ལྟར་གསུངས་པས་སྒྲུབ་བྱེད་མ་རྙེད་ཀྱང་རེ་ཞིག་དེ་ལྟར་བཀོད་པ་ལགས་སོ།།

གསུང་རྩོམ་ནི་ཇོ་བོ་རྗེའི་བསྟོད་པ་བརྒྱད་ཅུ་པ་སོགས་དང༌། སྒྱུར་རྩོམ་གཙོ་གྲས་ནི་བཀའ་འགྱུར་ལས། མ་ག་དྷ་བཟང་མོའི་རྟོགས་བརྗོད་དང༌། འཕགས་མ་སྒྲོལ་མ་ཀུ་རུ་ཀུ་ལླེའི་རྟོགས་པ་ལེའུ་ལྔ་པ། དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་རབ་བྱེད་བཞི་བཅུ་རྩ་གཅིག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལེའུ་བཅོ་བརྒྱད་པ། བྱ་རྒྱུད་རིགས་ཀྱི་གཙོ་བོའི་རྒྱུད་ལེའུ་བཅུ་དགུ་པ། བསྟན་འགྱུར་ལས། བདུད་བཏུལ་བ་ལ་བསྟོད་པ་དང༌། ཆོས་ཆིག་བརྒྱ་ལྔ་བཅུ་ཐམ་པ། ལྷག་པར་སློབ་དཔོན་སེངྒེ་བཟང་པོའི་གསུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་མངོན་པར་རྟོགས་པའི་རྒྱན་གྱི་རྗེས་སུ་འབྲངས་ནས་དག་པར་གཏུགས་པ་ཡང་ལོ་ཙཱ་འདི་ཉིད་ཀྱིས་བསྒྱུར་བ་སོགས་བཞུགས་སོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༧༠

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༧༣ ནས་ ༤༧༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *