༡༠༽ སློབ་དཔོན་བློ་བཟང་ངང་ཚུལ།
སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ། མ་ཏི་ཤཱི་ལ་ (Matisila) སྟེ། བོད་སྐད་དུ་སློབ་དཔོན་བློ་བཟང་ངང་ཚུལ་ཞེས་གྲགས་ཤིང་། དུས་ནམ་ཞིག་བྱོན་པ་ནི། མཁས་བཙུན་བཟང་པོ་ལགས་ (1920-2009) ཀྱིས་མཛད་པའི་རྒྱ་བོད་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ལས[1]། དུས་རབས་ནི། ནག་པོ་སྤྱོད་པ་ཆུང་བ་དང༌། ཤཱཀྱ་བཤེས་གཉེན་དང་། འདུལ་འཛིན་དགེ་ལེགས་བཤེས་གཉེན། བློ་བཟང་ངང་ཚུལ་དང་།
དཾཥྚ་སྱ་ན་དང༌། ཡེ་ཤེས་ཟླ་བ་དང་། རྡོ་རྗེ་མཚོན་ཆ། འཇམ་གྲགས་པ་དང་། ཡེ་ཤེས་བྱིན་དང་། བཛྲ་དེ་ཝ་དང༌། ལྷོ་ཕྱོགས་ཀྱི་རྒྱུད་དུ་བཙུན་པ་སྤྱན་རས་གཟིགས་བརྟུལ་ཞུགས་དང་། ཁ་ཆེའི་ཡུལ་དུ་སློབ་དཔོན་སེངྒེ་བཟང་པོ་ཡང་སྐུ་ཚེའི་སྟོད་ཙམ་དུ་བཤད་པ་ལྟར་ན། བརྒྱ་ཕྲག་དགུ་པའི་ནང་དུའང་འཇིག་རྟེན་འདིར་ཡོད་པ་ནི་མངོན་ནོ། །ཞེས་བྱུང་བ་ལྟར། ཡོངས་གྲགས་ཕྱི་ལོའི་དུས་རབས་བདུན་པ་བརྒྱད་པའི་ནང་བྱོན་པའི་དཔལ་ནཱ་ལེནྡྲའི་པཎ་གྲུབ་སྙན་གྲགས་ཅན་ཞིག་སྟེ། མཁས་མཆོག་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ལས་གྲུབ་པའི་རབ་ཏུ་བྱེད་པའི་འགྲེལ་པ་མཛད་པ་པོ་ཡིན། དེ་ཡང་སློབ་དཔོན་བློ་བཟང་ངང་ཚུལ་རང་ཉིད་ཀྱིས་མཛད་པའི་ལས་གྲུབ་པའི་རབ་ཏུ་བྱེད་པའི་འགྲེལ་པའི་མཇུག་བྱང་ལས་[2]ཀྱང་།
བདག་གིས་ལས་གྲུབ་བཤད་པས་དེང་། །བསོད་ནམས་ཐོབ་པ་གང་ཡིན་དེས། །
འགྲོ་བ་བློ་གྲོས་བཟང་པོ་ལས། ། ཡོང་ཡེ་གཡོ་བ་མེད་པར་ཤོག །
ལས་གྲུབ་པའི་རབ་ཏུ་བྱེད་པའི་འགྲེལ་པ། སློབ་དཔོན་དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་ཆེན་པོ་ན་གནས་པའི་དགེ་སློང་བློ་བཟང་ངང་ཚུལ་གྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིངྷ་དང༌། ལོ་ཙཱ་བ་དགེ་སློང་རྩངས་དེ་ཝེནྡྲ་རཀྵི་ཏས་བསྒྱུར་ཅིང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་ཀྱིས་གཏན་ལ་ཕབ་པ། ཞེས་བྱུང་བ་ལྟར། བསྟན་བཅོས་འདི་ཉིད་ཀྱང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་མཛད་པར་གསལ་ལོ།།
བསྟན་བཅོས་དེ་ཉིད་ལ་བམ་གྲངས་ཇི་ཙམ་བཞུགས་པ་དང་། སྒྱུར་བྱེད་ལོ་པཎ་གང་དག་ཡིན་པ་ནི། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[3]། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ལས་གྲུབ་པའི་རབ་ཏུ་བྱེད་པ་བམ་པོ་གཅིག །དེའི་འགྲེལ་པ་སློབ་དཔོན་བློ་བཟང་ངང་ཚུལ་གྱིས་མཛད་པ་བམ་པོ་བཞི་པ་གཉིས་དབང་པོ་སྲུང་བ་དང་། དཔལ་བརྩེགས་ཀྱི་འགྱུར། ཞེས་དང་། གཞན་ཡང་ཀརྨ་པ་རང་བྱུང་རྡོ་རྗེས་ (1284-1339) མཛད་པའི་རྗེ་རང་བྱུང་རྡོ་རྗེའི་ཐུགས་དམ་བསྟན་འགྱུར་གྱི་དཀར་ཆག་ལས[4]། ལས་གྲུབ་པའི་རབ་ཏུ་བྱེད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་དང༌། དེའི་འགྲེལ་པ་བམ་པོ་གསུམ་པ་སློབ་དཔོན་བློ་བཟང་ངང་ཚུལ་གྱིས་མཛད་པ་གཉིས་རྩངས་དེ་ཝེནྡྲ་རཀྵི་ཏ་དང་། དཔལ་རྩེགས་ཀྱི་འགྱུར། ཞེས་གཞུང་ཚད་ཀྱི་བམ་གྲངས་ཅུང་ཟད་མི་མཐུན་པ་བྱུང་མོད། སློབ་དཔོན་བློ་བཟང་ངང་ཚུལ་གྱིས་མཛད་པའི་དཔེ་མཚོན་རང་བཞིན་དུ་གྱུར་པའི་བསྟན་བཅོས་སྙན་གྲགས་ཆེ་ཤོས་ནི། བསྟན་འགྱུར་སེམས་ཙམ་༼ཧི༽པར་བཞུགས་པའི་ལས་གྲུབ་པའི་རབ་བྱེད་ཀྱི་འགྲེལ་པ་འདི་ཉིད་ཡིན་ལ། བསྟན་འགྱུར་དུ་བཞུགས་པའང་བསྟན་བཅོས་འདི་ཁོ་ན་ལས་མི་སྣང་ཞིང་། རྣམ་ཐར་རྒྱས་པ་ཡང་མ་མཆིས་པས་འདིས་འཐུས་པར་བྱས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྒྱ་བོད་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་ ༧༤༥
[2] སྡེ་དགེ་བསྟན་འགྱུར། པོད། སེམས་ཙམ། ༼ཧི༽ ༡༣༨ པ། ཤོག་གྲངས་ ༡༠༢ན༣
[3] བུ་སྟོན་ཆོས་འབྱུང་། ༼༡༽ ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༢༣༩
[4] རང་བྱུང་རྡོ་རྗེའི་གསུང་འབུམ། པོད། ༼༤༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡༡༩
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༩༡ ནས་ ༣༩༣ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།