ཡ༽ མཁན་སློབ་ཆོས་གསུམ་གྱི་གོ་རིམ།
དེ་ཡང་མཁན་སློབ་ཆོས་གསུམ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) ཀྱིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[1]། བོད་དུ་བཀའ་དྲིན་ཆེ་བའི་མཁན་པོ་དང་། སློབ་དཔོན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་བཅས་གསུམ་ཡིན། དེ་གསུམ་གྱི་སྐུ་བརྙན་བཞེངས་སྐབས་ལུགས་མི་འདྲ་བ་གཉིས་ཡོད་པ་ལས། དང་པོ།
དབུས་སུ་སློབ་དཔོན་པདྨ་འབྱུང་གནས། གཡས་སུ་མཁན་ཆེན་བོ་དྷི་ས་ཏྭ། གཡོན་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་བཅས་བཞུགས་ཚུལ། གཉིས་པ། དབུས་སུ་མཁན་ཆེན་བོ་དྷི་ས་ཏྭ། གཡས་སུ་སློབ་དཔོན་པདྨ་འབྱུང་གནས། གཡོན་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་བཅས་བཞུགས་ཚུལ་གཉིས་ཡོད། ཡོངས་གྲགས་སུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་གཙོ་བོར་བཞུགས་པའི་མཁན་སློབ་ཆོས་གསུམ་གྱི་སྐུ་བརྙན་ཁྱབ་ཆེ་ཞིང་། ས་སྐྱས་བསམ་ཡས་ཀྱི་འཛིན་བདག་གནང་སྐབས་སུ་བཞེངས་པའི་ལྡེབས་བྲིས་ལ་མཁན་པོ་བོ་དྷི་ས་ཏྭ་གཙོ་བོར་བཞུགས་པའི་མཁན་སློབ་ཆོས་གསུམ་གྱི་སྐུ་བརྙན་བཞེངས་པ་གནང་ཡོད། ཅེས་གསལ་བ་ལྟར། སྐུ་བརྙན་བཞེངས་ཤིང་བཞུགས་སུ་གསོལ་སྐབས་གོ་རིམ་སྒྲིག་སྲོལ་གཉིས་བྱུང་ཡོད།
དེའི་རྒྱུ་མཚན་གང་ཡིན་སྙམ་ན། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་ལས[2]། གཞན་ཡང་མཁན་སློབ་ཆོས་གསུམ་ཞེས་ཡོངས་གྲགས་གོ་རིམ་སྒྲིག་སྐབས། ང་ཚོས་ནམ་རྒྱུན་ཐ་སྙད་འབོད་སྐབས། མཁན་སློབ་ཆོས་གསུམ་སྟེ། མཁན་ཆེན་དང་། སློབ་དཔོན། ཆོས་རྒྱལ་ཞེས་མཁན་ཆེན་ཐོག་མར་འབོད་པ་དང་། མཁན་ཆེན་ཞི་འཚོ་གཙོ་བོ་ཡིན་སྟབས་ཐོག་མར་འཇོག་སྲོལ་ཡོད། དེ་ཡང་མཁས་པའི་དབང་པོ་སྨིན་གླིང་ལོ་ཆེན་གྱིས་མཛད་པའི་མཁན་སློབ་ཆོས་གསུམ་གྱི་བསྟོད་པའི་ནང་དུའང་ཐོག་མར་མཁན་ཆེན་ཞི་འཚོ་དང་། གཉིས་པར་སློབ་དཔོན་པདྨ་འབྱུང་གནས། གསུམ་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་བཅས་གོ་རིམ་འདི་ལྟར་འཇོག་པ་གནང་འདུག་པ་ལྟར། མཁན་ཆེན་གཙོ་བོར་ཕེབས་དགོས་པ་ལྟ་བུ་ཞིག་ཡོད། ང་ཚོ་བོད་པས་སློབ་དཔོན་རིན་པོ་ཆེ་གཙོ་བོར་བྱས་ཤིང་། གཡས་སུ་མཁན་ཆེན་དང་། གཡོན་དུ་ཆོས་རྒྱལ་བཅས་ཀྱི་གོ་རིམ་བསྒྲིགས་པ་ཞིག་ཡོང་གི་འདུག
ཕྱི་ལོ་ ༡༩༣༠༡༩༤༠ ནང་གི་རྒྱ་གར་བའི་མཁས་པ་ར་ཧུལ་སངྒིར་མཆོག་གིས་རང་ཉིད་ཀྱི་ལོ་རྒྱུས་ཤིག་བྲིས་པའི་ནང་དུ། བོད་དུ་རྒྱ་གར་ནས་སངས་རྒྱས་པའི་ཆོས་གདན་ཞུ་གནང་སྟེ་དར་སྤེལ་གནང་མཁན་མཁན་ཆེན་ཞི་བ་འཚོ་ཡིན་ནའང་། བོད་ཀྱི་དགོན་སྡེ་ཁག་ཏུ་མཁན་ཆེན་ཞི་འཚོའི་སྐུ་བརྙན་གཅིག་ཀྱང་མི་འདུག་ལ། དགོན་སྡེ་ཕལ་མོ་ཆེའི་ནང་དུ་སློབ་དཔོན་རིན་པོ་ཆེའི་སྐུ་བརྙན་འདུག་པ་གང་ཞིག་ཡིན་ནམ། ཞེས་གསལ་འདུག་པ་བདེན་པ་ལྟ་བུ་ཞིག་ཆགས་ཡོད། སྔ་འགྱུར་རྙིང་མའི་བླ་ཆེན་འགའ་ཞིག་དང་ངོས་རང་བཀའ་མོལ་བྱུང་བར། མཁན་སློབ་ཆོས་གསུམ་གྱི་སྐུ་དུས་སུ་གོས་དཀར་ལྕང་ལོའི་སྡེ་དང་། རབ་བྱུང་ངུར་སྨྲིག་གི་སྡེ་གཉིས་ཐོག་མར་བོད་དུ་ཚུགས་པ་དང་། དེ་ཡང་ཐོག་མར་མཁན་ཆེན་ཞི་འཚོས་བསམ་ཡས་གཙུག་ལག་ཁང་གི་གླིང་བཞི་གླིང་ཕྲན་དང་བཅས་པའི་བཟོ་བཀོད་གནང་སྐབས་བདུད་འདུལ་སྔགས་པ་གླིང་དང་། སྒྲ་སྒྱུར་ལོ་པཎ་གླིང་། རྣམ་དག་ཚུལ་ཁྲིམས་གླིང་། མི་གཡོ་བསམ་གཏན་གླིང་སོགས་ཡོད་པ་ལས། བདུད་འདུལ་སྔགས་པ་གླིང་དུ་གོས་དཀར་ལྕང་ལོའི་སྡེའི་སྡོད་གནས་ཟུར་དུ་ཡོད་སྟབས། རབ་བྱུང་ངུར་སྨྲིག་གི་སྡེ་དང་། གོས་དཀར་ལྕང་ལོའི་སྡེ་བཅས་བླ་མཆོད་སྡེ་གཉིས་ཞེས་བྱུང་བར་བརྟེན་གོས་དཀར་ལྕང་ལོའི་སྡེ་རྣམས་ཀྱིས་སློབ་དཔོན་གཙོ་བོར་བརྩི་བ་དང་། རབ་བྱུང་ངུར་སྨྲིག་གི་སྡེ་རྣམས་ནས་མཁན་ཆེན་གཙོ་བོར་མཛད་ཚུལ་གསུང་གི་འདུག་པ་དེ་ལྟར་ཡིན་འདུག །ཅེས་བཀའ་སྩལ་བ་ལྟར་རྒྱུ་མཚན་དེ་ལྟར་ལ་བརྟེན་ནས་གོ་རིམ་སྒྲིག་ལུགས་གཉིས་བྱུང་བའོ།།
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཕེབས་གསལ[3]། ང་ཚོར་མཛུབ་ཁྲིད་ལྟ་བུ་གནང་མཁན་གྱི་དགེ་རྒན་གཙོ་བོ་ནི། མཁན་ཆེན་ཞི་བ་འཚོ་ཡིན་ཅིང་། སློབ་དཔོན་པདྨ་འབྱུང་གནས་ནི་ཕྱག་རོགས་གནང་མཁན་ཡིན། དེ་ཡང་སློབ་ཁྲིད་དང་། འདུལ་བའི་སྡོམ་པ་འབོག་ཆོག །བཀའ་བསྟན་སྒྲ་སྒྱུར་བཅས་ཀྱི་ཐུགས་འགན་གཙོ་བོ་མཁན་ཆེན་ཞི་བ་འཚོས་བཞེས་པ་གནང་ཡོད། མཐར་མཁན་ཆེན་ཞིང་དུ་གཤེགས་ཁར་ཞལ་ཆེམས་སུ་སློབ་དཔོན་ཀ་མ་ལ་ཤཱི་ལ་གདན་འདྲེན་དགོས་ཞེས་གསུངས་པ་ལྟར། ཞི་འཚོ་ཡབ་སྲས་གཉིས་ཀ་འདུལ་བ་འཛིན་པ་དང་། མཁས་པའི་དབང་པོ་ཡིན།
དེ་ཡང་ནམ་རྒྱུན་མཁན་སློབ་ཆོས་གསུམ་ཞེས་བརྗོད་པ་ལྟར། གོ་རིམ་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་བཅས་ཡིན་ལ། དབུས་ཁུལ་གྱི་རྙིང་མ་བཀའ་མའི་ཁུངས་གཏུགས་ས་གཙོ་བོ་སྨིན་རྡོར་གཉིས་དང་། དེའི་ནང་ནས་སྨིན་གྲོལ་གླིང་ནི་མཁས་པའི་དབང་པོ་རྒྱུན་མི་ཆད་དུ་ཐོན་ས་ཞིག་དང་། རྙིང་མ་བཀའ་མའི་ཆོས་འཁོར་རྣམས་འཛིན་མཁན་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་ཅིང་། ༸གོང་ས་ལྔ་པ་ཆེན་པོའི་དབུ་བླ་ཡིན་པར་མ་ཟད། ལུང་གིས་ཟིན་པའི་གསང་བ་རྒྱ་ཅན་གྱི་ཆོས་བདག་གཏེར་བདག་གླིང་པ་རིག་འཛིན་འགྱུར་མེད་རྡོ་རྗེ་དང་། ཁོང་གི་སྐུ་མཆེད་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་རྣམ་གཉིས་ལས། སྨིན་གླིང་ལོ་ཆེན་གྱིས་མཛད་པའི་མཁན་སློབ་ཆོས་གསུམ་གྱི་བསྟོད་པའི་ནང་གི་ཤླཽ་ཀ་དང་པོར་མཁན་ཆེན་དང་། གཉིས་པར་སློབ་དཔོན། གསུམ་པར་ཆོས་རྒྱལ་བཅས་གསལ་བ་ལྟར་ཡོངས་གྲགས་ཀྱི་གོ་རིམ་ལྟར་བྱས་ན་དབུས་སུ་མཁན་ཞི་བ་འཚོ་དང་། གཡས་སུ་སློབ་དཔོན་པདྨ་འབྱུང་གནས། གཡོན་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་བཅས་ཡོད་དགོས་པ་ཞིག་རེད་འདུག།
ངོས་ནས་ངོ་ཤེས་བླ་མ་འགའ་ཞིག་ལ་སློབ་དཔོན་དབུས་སུ་བཞུགས་སུ་གསོལ་བ་དེ་ཇི་ལྟར་ཡིན་མིན་བཀའ་འདྲི་ཞུས་པར། དེ་ནི་རྙིང་མའི་བཀའ་གཏེར་གཉིས་ལས། གཏེར་མའི་དབང་དུ་བྱས་པ་རེད་ཅེས་གསུངས་ལ། གཏེར་ཆོས་རྣམས་གཙོ་བོ་སློབ་དཔོན་རང་ཉིད་ལ་ཁུངས་གཏུགས་ནས་བྱུང་བ་ཞིག་དང་། དེང་སྐབས་སུའང་གཏེར་ཆོས་ཚད་ལྡན་ཞིག་ཡིན་ཚེ། སློབ་དཔོན་རིན་པོ་ཆེའི་བྱིན་རླབས་ཀྱི་ཐོག་ནས་ཉམས་བསད་ནས་བྱུང་བ་ཤ་སྟག་ཡིན་པར་བརྟེན། གཏེར་ཆོས་ཀྱི་དབང་དུ་བྱས་ཏེ་སློབ་དཔོན་རིན་པོ་ཆེ་གཙོ་བོ་དང་། རྙིང་མ་བཀའ་མ་དང་། བསྟན་པ་སྤྱིའི་དབང་དུ་བྱས་ཚེ་མཁན་ཆེན་ཞི་བ་འཚོ་གཙོ་བོར་བརྩི་དགོས་ཞེས་གསུངས། དེ་ལྟར་མཁན་ཆེན་ཞི་བ་འཚོ་ནི་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ཐོག་མར་རྩ་འཛུགས་གནང་མཁན་དེ་ཡིན་ལ། མཁན་ཆེན་ཞི་འཚོས་མཛད་པའི་བསྟན་བཅོས་དབུ་མ་རྒྱན་དང་། ཚད་མའི་དེ་ཁོ་ཉིད་དམ་ཚད་ཆེན་སོགས་མཇལ་ཚེ་ཁོང་ཉིད་རྩོད་པའི་ཁྱུ་མཆོག་དང་། མཁས་པའི་དབང་པོ་ཡིན་པ་ཤེས་ཐུབ་ཅིང་། ང་ཚོ་ཁོང་གི་དགེ་ཕྲུག་ཆགས་ཡོད། དེ་ཡང་ཕྱི་འདུལ་བ་དང་། ནང་བྱང་སེམས། གསང་བ་གསང་སྔགས་བཅས་འདི་ལྟར་དུ་འགྲོ་བཞིན་ཡོད། ཅེས་བཀའ་གསལ་ཕེབས་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༢༧
[2] པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་བཀའ་ཁྲིད། རྣམ་རྒྱལ་གྲྭ་ཚང་། ༢༠༡༥ ལོ། ཤོག་གྲངས་ ༡༡༣
[3] ཕྱི་ལོ་ ༢༠༡༤ ཟླ་བ་ ༦ ཚེས་ ༥ ཉིན་དྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་དང་། ཤེས་རབ་སྙིང་པོའི་བཤད་ལུང་། གང་བློ་མའི་བཀའ་ཁྲིད། ལེགས་བཤད་བློ་གསར་མིག་འབྱེད་ཀྱི་ལྗགས་ལུང་བཅས་བཀའ་དྲིན་བསྐྱངས་པའི་བཀའ་སློབ་ལས་ཟུར་འདོན་ཞུས་པའོ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༡༥ ནས་ ༣༡༩ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།