༢༡༽ ལོ་ཙཱ་བ་གླན་ཆུང་དར་མ་ཚུལ་ཁྲིམས།
བོད་ཀྱི་ལོ་ཙཱ་བ་གླན་ཆུང་དར་མ་ཚུལ་ཁྲིམས་ནི། ཕྱི་ལོའི་དུས་རབས་བཅུ་བཞི་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་སྟེ། དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་དང་། དགེ་ཚུལ། དགེ་སློང་གི་སྡོམ་པ་བཞེས་ཤིང་། འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་མཛད། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་། བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད།[1]
སྒྱུར་རྩོམ་གཙོ་གྲས་ནི། བཀའ་འགྱུར་ལས། དཔལ་ཕྱག་ན་རྡོ་རྗེ་གསང་བ་བསྟན་པའི་རྒྱུད་ལེའུ་བདུན་པ་དང༌། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ཉི་ཤུ་རྩ་གཅིག་པ་བཅས་དང་། བསྟན་འགྱུར་ལས། འཕགས་པ་འཇིག་རྟེན་དབང་ཕྱུག་གསང་བའི་སྒྲུབ་ཐབས་ཞེས་བྱ་བ་མ་གཅིག་གྲུབ་པའི་རྒྱལ་མོས་མཛད་པ། སྦ་ལྕག་མའི་གཞུང་ལ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བའི་རྒྱ་གཞུང་། རྟ་མགྲིན་གྱི་སྒྲུབ་ཐབས། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བའི་སྒྲུབ་ཐབས། ཚེ་དཔག་ཏུ་མེད་པའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དང་བྱ་ཁྱུང་གི་སྒྲུབ་ཐབས་ཞེས་ནང་སྒྲུབ་ཡིད་བཞིན་ནོར་བུ་དང༌། དཔལ་ཕྱག་ན་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བ་གསང་བ་ཐུགས་ཀྱི་ཕུར་གཅིག་མ་པཎྜི་ཏ་ལས་ཀྱི་རྡོ་རྗེས་མཛད་པ། རིག་སྔགས་བཅད་པ་དང་མནན་པའི་ཆོ་ག །དཔལ་ཕྱག་ན་རྡོ་རྗེའི་སྦྱིན་སྲེག་མདོར་བསྡུས། ཀླུ་གཏོར་རྒྱས་པ། རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་གྱི་ཆོ་ག་བཟང་པོ་མདོར་བསྡུས་པ་ཞེས་བྱ་བ་སློབ་དཔོན་ལས་ཀྱི་རྡོ་རྗེས་མཛད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྙིང་པོས་མཛད་པ། བོད་ཀྱི་ལོ་ཙཱ་བ་གླན་ཆུང་གི་འགྱུར། སླད་ཀྱིས་སྟག་ལོ་ཙཱ་བས་བཅོས་པ་སོགས་བཞུགས་སོ།།[2] །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༢༠༣
[2] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་༣༤༤
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༦༢ ནས་ ༣༦༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།